ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། (ཁག་གསུམ་པ།)
2020.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ལྔ་བ། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་ཆགས་སུ་བཅུག་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་དགོས།

ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་རྒྱུན་འཁྱོངས་བྱས་ཏེ། ནང་མཁོ་མ་ལག་ཆ་ཚང་སྐྱེད་སྲིང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འདོན་སྤྲོད་ཀྱིས་དགོས་མཁོ་གསར་བར་སྣེ་ཁྲིད་དང་གསར་གཏོད་བྱེད་དགོས།

བཅུ་དྲུག རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཐོགས་མེད་ཡོང་བར་བྱ་དགོས། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་ལ་བརྟེན་ནས། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་དུས་རིམ་སོ་སོ་ཡོངས་སུ་ཁྱབ་པ་དང་། ལས་རིགས་སྒེར་སྡེམ་དང་ས་གནས་ཀྱི་སྲུང་སྐྱོབ་མེད་པར་བཟོས་ཏེ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་བྱ་དགོས། འདོན་སྤྲོད་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། འདོན་སྤྲོད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། འདོན་སྤྲོད་མ་ལག་གིས་རྒྱལ་ནང་གི་དགོས་མཁོར་འཚམ་པའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། དངུལ་རྩ་དང་ས་ཁང་བདག་ཁོངས་དང་དངོས་ཕུང་དཔལ་འབྱོར་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཆུའི་སྟོད་རྒྱུད་དང་སྨད་རྒྱུད། ཐོན་སྐྱེད་དང་མཁོ་འཚོང་ཕན་ཚུན་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། ཞིང་ལས་དང་བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས། ནུས་ཁུངས་དང་ཐོན་ཁུངས་སོགས་ཐོན་ལས་རིགས་ཀྱི་འབྲེལ་བ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་དང་ཚོང་ཟོག་ཞབས་ཞུའི་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་བཀག་རྒྱ་སེལ་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཉོ་ཚོང་མ་རྩ་ཇེ་དམའ་རུ་བཏང་སྟེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། དགོས་མཁོས་འདོན་སྤྲོད་ལ་སྣེ་ཁྲིད་བྱེད་པ། འདོན་སྤྲོད་གསར་སྐྲུན་གྱི་དགོས་མཁོ་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་རྣམ་པ་ཆགས་པར་བྱ་དགོས།

བཅུ་བདུན། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་རྐང་འཛུགས་པ་དང་། གཤིབ་བསྡུར་དགེ་མཚན་འདོན་སྤེལ་བྱས་ནས། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་དང་ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་བོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནང་འགུག་བྱེད་དགོས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་གང་ལེགས་བྱས་ནས། ཧུར་ཐག་གིས་ནང་མཁོ་དང་ཕྱི་མཁོ་དང་། ནང་འདྲེན་དང་ཕྱིར་འདྲེན་ལ་སྐུལ་འདེད་བྱེད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་པ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་སྒོ་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱ་དགོས།    ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་དུ་འགྱུར་བའི་སྙོམས་སྒྲིག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱི་ནང་ཉོ་ཚོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། ལྟ་སྐུལ་དོ་དམ་ལམ་ལུགས། བདག་གཉེར་ཐོབ་ཐང་། སྤུས་ཀའི་ཚད་གཞི། ནད་ཡམས་ཞིབ་བཤེར། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་དང་ཁས་ལེན་སོགས་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་དང་། ལམ་ཐིག་དང་ཚད་གཞི། སྤུས་ཚད་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་གནས་སྟངས་དང་ཚོང་ཟོག་གི་གྲུབ་ཚུལ། ཉོ་འཚོང་བྱེད་སྟངས་བཅས་ཇེ་ལེགས་སུ་གཏོང་བ་དང་། ཕྱིར་གཏོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་ཚད་ཇེ་མང་དུ་གཏོང་དགོས་ལ། ཉོ་འཚོང་དང་དངུལ་རྩ་མཉམ་འདྲེས་བཟོ་སྐྲུན་ལག་བསྟར་བྱས་ཏེ། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་དགོས།

བཅོ་བརྒྱད། འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་དང་བསྟུན་དགོས། སྲོལ་རྒྱུན་གྱི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་རྣམ་པ་གསར་བ་སྐྱེད་སྲིང་བྱེད་པ། སྤྱི་པའི་འཛད་སྤྱོད་འཕར་སྣོན་འོས་འཚམ་གཏོང་བ་བཅས་བྱ་དགོས། སྤུས་ཀ་དང་ཚོང་རྟགས་གྲགས་ཅན་གཙོ་གནད་དུ་བཟུང་ནས། འཛད་སྤྱོད་དེ་ལྗང་མདོག་དང་བདེ་ཐང་། བདེ་འཇགས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་བྱེད་སྟངས་གསར་བ་དང་ལས་རྣམ་གསར་བ་འཕེལ་རྒྱས་ཡོང་བར་སྐུལ་མ་བྱེད་དགོས།  རླངས་འཁོར་སོགས་འཛད་སྤྱོད་དངོས་རྫས་ཉོ་སྒྲུབ་དོ་དམ་ནས་བཀོལ་སྤྱོད་དོ་དམ་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྡོད་ཁང་འཛད་སྤྱོད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲེལ་འདྲིས་མེད་པའི་ཉོ་འཚོང་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། ཁེ་ལས་ཀྱི་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་བཏང་ནས་དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཁར་གྲོང་འཛད་སྤྱོད་ཁྲོམ་ར་གསར་གཏོད་བྱེད་དགོས། ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཚོང་རར་ཞུགས་ཐུབ་ཚད་འཐུས་ཚང་དུ་གཏོང་དགོས། དུས་ཆེན་དང་ངལ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གླ་ཕོགས་བླངས་ནས་ངལ་གསོ་བྱེད་པའི་ལམ་ལུགས་དངོས་འབེབ་བྱས་ཏེ། དུས་ཆེན་དང་ངལ་གསོའི་སྐབས་ཀྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་དགོས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་སྐྱེད་སྲིང་བྱ་དགོས། འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

བཅུ་དགུ མ་དངུལ་གཏོང་བའི་བར་སྟོང་རྒྱ་བསྐྱེད་དགོས། མ་དངུལ་གཏོང་བའི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་། མ་དངུལ་གཏོང་ཚད་འཕར་སྣོན་ལུགས་མཐུན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མ་དངུལ་གཏོང་བས་འདོན་སྤྲོད་གྲུབ་ཚུལ་ལེགས་བསྒྱུར་བྱེད་པར་གནད་འགག་གི་ནུས་པ་འདོན་སྤེལ་བཅས་བྱ་དགོས།  རྨང་གཞིའི་སྒྲིག་བཀོད་དང་གྲོང་སྲིད་བཟོ་སྐྲུན། ཞིང་ལས་དང་ཞིང་སྡེ། སྤྱི་པའི་བདེ་འཇགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན། དངོས་ཟོག་གསོག་འཇོག གནོད་འགོག་གནོད་སེལ། དམངས་ཚིས་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱེད་དགོས། ཁེ་ལས་ཀྱི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་ལ་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་དགོས།  རྨང་གཞིའི་སྒྲིག་ཆས་གསར་བ་དང་རྣམ་པ་གསར་བའི་མཁར་གྲོང་ཅན། འགྲིམ་འགྲུལ་ཆུ་བེད་སོགས་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་ཕན་པའི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་བ། རྒྱལ་ཁབ་ཀྱི་ཆུ་དྲ། ཡར་ཀླུང་གཙང་བོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ། སྐར་མཚམས་འཚོལ་ཞིབ། བྱང་སྐར་ཐོན་ལས་ཅན་དུ་འགྱུར་བ་སོགས་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱ་དགོས། ཚན་རིག་ཞིབ་འཇུག་གི་སྒྲིག་ཆས་གལ་ཆེན་དང་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོ། སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་འགན་སྲུང་། ཆུ་འདྲེན་གྱི་བྱ་བ་གལ་ཆེན། ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། གློག་སྐྱེལ་རླངས་འདྲེན། མཐའ་རྒྱུད་དང་གཙང་རྒྱུད། མཚོ་རྒྱུད་བཅས་ཀྱི་འགྲིམ་འགྲུལ་སོགས་རྨང་གཞི་བརྟན་པོ་དང་ནུས་བ་འཕར་སྣོན། ཡུན་རིང་ལ་ཕན་པ་བཅས་ཀྱི་ལས་གཞི་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་མ་དངུལ་གཏོང་བའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། དམངས་ཁྲོད་ཀྱི་མ་དངུལ་གཏོང་བའི་སྟོབས་ཤུགས་ལ་སྐུལ་སྤེལ་བྱས་ཏེ། ཁྲོམ་རས་གཙོ་ཁྲིད་བྱེད་པའི་དངུལ་གཏོང་ནང་སྐྱེས་འཕར་སྣོན་ལམ་ལུགས་ཆགས་པར་བྱེད་དགོས།

དྲུག ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་དུ་ཟབ་སྤེལ་བྱས་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ། ཕན་ནུས་ལྡན་པའི་ཁྲོམ་ར་དང་སྲིད་གཞུང་ལ་སྔར་ལས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས།

ཉི་ཤུ ཁྲོམ་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་ཀྱི་གསོན་ཤུགས་ལ་སྐུལ་སློང་བྱ་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པར་སྐུལ་མ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་དང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། རྒྱལ་དབང་དཔལ་འབྱོར་གྱི་བཀོད་སྒྲིག་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་དབང་དཔལ་འབྱོར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་དགོས།  ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་དབང་ཁེ་ལས་ཀྱི་ལམ་ལུགས་འདྲེས་མ་བཅོས་སྒྱུར་གཏིང་ཟབ་བྱེད་དགོས། མ་རྩ་དོ་དམ་གཙོ་བོར་བྱེད་པའི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་དབང་མ་རྩའི་དངུལ་གཏོང་དང་འཁོར་སྐྱོད་ཚོང་གཉེར་ཀུང་སིའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། ནུས་ཁུངས་དང་ལྕགས་ལམ། གློག་འཕྲིན། སྤྱི་སྤྱོད་བྱ་གཞག་སོགས་ལས་རིགས་ཀྱི་འགྲན་རྩོད་རང་བཞིན་གྱི་གོ་རིམ་ཁྲོམ་ར་ཅན་དུ་འགྱུར་བའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། སྲིད་ཚོང་མཛའ་འབྲེལ་གྱི་འབྲེལ་བ་འཛུགས་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོང་བྱ་དགོས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་བཀག་རྒྱ་སྣ་ཚོགས་མེད་པ་བཟོས་ནས་ཁེ་ལས་ཆུང་འབྲིང་དང་སྒེར་གཉེར་ཚོང་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་ཁོར་ཡུག་དང་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་འཛམ་གླིང་སྟེང་གི་ཁེ་ལས་རྩེ་གྲས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས།

ཉེར་གཅིག སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་འཐུས་ཚང་དུ་གཏོང་བ་དེ་འཐབ་ཇུས་ཀྱི་ཁྲིད་ཕྱོགས་སུ་འཛིན་པ་དང་། ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བྱེད་ཐབས་གཙོ་བོར་བཟུང་སྟེ་ལས་ཞུགས་དང་ཐོན་ལས། མ་དངུལ་གཏོང་བ། འཛད་སྤྱོད། ཁོར་ཡུག་སྲུང་སྐྱོབ། ས་ཁོངས་སོགས་ཀྱི་སྲིད་ཇུས་གཞོགས་འདེགས་དམ་ཟབ་བྱས་ཏེ། དམིགས་འབེན་ལེགས་བསྒྱུར་དང་ལས་བགོས་ལུགས་མཐུན། ཕན་ནུས་མཐོ་བའི་མཉམ་སྒྲུབ་བཅས་ཀྱི་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་གཏན་འབེབས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྔོན་དཔག་དོ་དམ་ལ་མཐོང་ཆེན་བྱས་ནས་སྙོམས་སྒྲིག་གི་ཚན་རིག་རང་བཞིན་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་བསྣན་ནས། འཁོར་ཡུན་ལས་བརྒལ་བའི་སྲིད་ཇུས་ཇུས་འགོད་ལེགས་པོ་བྱ་དགོས། འཁོར་ཡུན་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་བསྡོམས་འབོར་དོ་མཉམ་དང་གྲུབ་ཚུལ་ལེགས་སྒྲིག ཕྱི་ནང་དོ་མཉམ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་གཞི་གྲངས་མཛོད་སོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་གྲངས་ཆེན་མོ་སོགས་དེང་རབས་ལག་རྩལ་བྱེད་ཐབས་ཀྱི་རམ་འདེགས་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས་ལ། བསྡོམས་རྩིས་དེང་རབས་ཅན་དུ་འགྱུར་བའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།

ཉེར་གཉིས། དེང་རབས་ཀྱི་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་འཛུགས་དགོས། ནོར་སྲིད་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་གྱི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྔོན་རྩིས་སྒྲིག་བཟོའི་སྤྱི་ཁོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་འགྲོ་གྲོན་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྔོན་རྩིས་ཚོད་འཛིན་དང་ཕན་འབྲས་དོ་དམ་ལ་ཤུགས་སྣོན་བྱེད་དགོས། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་གསལ་བོ་བྱས་ཏེ། ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། དེང་རབས་ཀྱི་ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་གནས་ཀྱི་དཔྱ་ཁྲལ་དང་ཐད་ཀའི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། དཔྱ་ཁྲལ་ལམ་ལུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་དང་ཐད་ཀའི་དཔྱ་ཁྲལ་གྱི་བསྡུར་ཚད་འོས་འཚམ་སྒོས་ཇེ་མཐོར་གཏོང་བ། ཁྲལ་བསྡུ་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས།  སྲིད་གཞུང་གི་བུ་ལོན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་། དངུལ་ལོར་འདོན་སྤྲོད་སྙོམས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། གྲངས་འཛིན་དངུལ་ལོར་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཚོང་ར་ཅན་གྱི་སྐྱེད་ཀ་གྲུབ་པ་དང་བརྒྱུད་འདྲེན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དངུལ་ལོར་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཛུགས་པ་དང་། དངུལ་རྩའི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ། དངུལ་རྩའི་ཀུན་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་ཚོང་ལས་དངུལ་ཁང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། དངུལ་ཁང་ཆུང་འབྲིང་དང་ཞིང་སྡེའི་ཡིད་རྟོན་དངུལ་ཁང་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་། སྲིད་ཇུས་རང་བཞིན་གྱི་དངུལ་ལོར་བཅོས་སྒྱུར་དང་ལེགས་བསྒྱུར་བྱ་དགོས། མ་རྐང་འཛིན་ཤོག་འགྲེམ་སྤེལ་ཐོ་འགོད་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱུན་རྣམ་ཅན་དུ་འགྱུར་བའི་ཁྲོམ་ར་ཕྱིར་འཐེན་རྐྱེན་སྲོལ་བཙུགས་ནས་ཐད་ཀར་མ་དངུལ་རྒྱུན་འཁོར་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། དངུལ་རྩ་ཕྱོགས་གཉིས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་གསལ་ཚད་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། བཅོལ་དངུལ་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བ། ཐག་གཅོད། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་བྱེད་མི་དགོས།

ཉེར་གསུམ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱ་དགོས། ཁྲོམ་རའི་མ་ལག་གི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འདྲ་མཉམ་གྱིས་ཞུགས་ཆོག་པ་དང་དྲང་བདེན་གྱིས་ལྟ་སྐུལ་དོ་དམ། སྒོ་འབྱེད་གོ་རིམ་ལྡན་པ། ཡིད་རྟོན་ཁྲིམས་སྲུང་བཅས་རྒྱུན་འཁྱོངས་བྱས་ཏེ། ནུས་མཐོ་ཚད་ལྡན་དང་དྲང་གཞག་འགྲན་རྩོད་ཀྱི་རྒྱལ་ནང་གི་གཅིག་གྱུར་ཁྲོམ་ར་ཆགས་པར་བྱེད་དགོས། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱ་སྤྱོད་ལག་བསྟར་བྱ་དགོས། རྒྱུ་ནོར་བདག་དབང་གི་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཅིག་གྱུར་གྱི་ཁྲོམ་རར་ཞུགས་ཆོག་པའི་ལྡོག་ཕྱོགས་ཀྱི་གསལ་ཐོའི་ལམ་ལུགས་ལག་བསྟར་བྱ་དགོས། ཞུགས་ཆོག་པའི་ཚད་བཀག་མུ་མཐུད་དུ་རྒྱ་བསྐྱེད་དགོས། དྲང་བདེན་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྒེར་སྡེམ་ལ་ངོ་རྒོལ་བྱེད་པ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ལ་ཤུགས་སྣོན་བྱེད་དགོས་ལ། ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་དགོས། ས་ཞིང་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ས་ཞིང་དང་ངལ་རྩོལ་ནུས་ཤུགས། མ་རྩ། ལག་རྩལ། གཞི་གྲངས་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཉོ་འཚོང་སྒྲིག་སྲོལ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།

ཉེར་བཞི། སྲིད་གཞུང་གི་འགན་ནུས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། འགན་འཁྲི་གསལ་བོ་དང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་དགོས། སྲིད་བསྡུ་དབང་གཏོང་དང་གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་དགོས། ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཆོག་པའི་དོན་ཚན་གྱི་ཞིབ་ཐོ་དོ་དམ་ལག་བསྟར་བྱེད་པ་དང་། བྱ་བ་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ། ཐོན་ལས་གསར་བ་དང་ལས་རྣམ་གསར་བར་བཟོད་སྒོམ་གཟབ་ནན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་དགོས། སྲིད་ཇུས་གལ་ཆེན་ལག་བསྟར་སྔོན་གྱི་དཔྱད་འཇོག་དང་ལག་བསྟར་རྗེས་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། སྲིད་ཇུས་ཀྱི་གཏན་འབེབས་འབྲེལ་ལམ་དང་ཟབ་ཞུགས་ཤར་སྐྱོད་བྱས་ནས། ཇུས་ཆོད་ཚན་རིག་ཅན་དང་དམངས་གཙོ་ཅན། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་གཏོང་དགོས། སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་ཚད་ལྡན་ཅན། སྟབས་བདེ་ཅན་ལ་སྐུལ་འདེད་བྱས་ཏེ། སྲིད་དོན་ཡོངས་བསྒྲགས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས། མཚམས་སྦྱོར་ལས་ཁུངས་བཅས་བཅོས་སྒྱུར་གཏིང་ཟབ་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།