ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི། (ཁག་ལྔ་བ)
2020.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

 བཅུ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་རྒྱུན་འཁྱོངས། གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་མཚམས་སྲུང་དགོས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས།

སོ་ལྔ།  ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་སོགས་ཀྱི་བར་སྟོང་དོ་དམ་ཚོད་འཛིན་གྱི་མཐའ་མཚམས་དོན་འཁྱོལ་བྱས་ཏེ།  མིའི་རིགས་ཀྱི་བྱེད་སྒོས་རང་བྱུང་བར་སྟོང་བདག་བཟུང་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་།   ལྗང་མདོག་དངུལ་རྩ་འཕེལ་རྒྱས་སུ་གཏོང་དགོས། ལྗང་མདོག་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་། བཙོག་མེད་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་སྲུང་སྐྱོབ་ཐོན་ལས་འཕེལ་རྒྱས་གཏོང་བ། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་གལ་ཆེན་ལྗང་མདོག་ཅན་དུ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་ཁུངས་གཙང་མ་དང་ཐཱན་ཉུང་བདེ་འཇགས་དང་ཕན་འབྲས་ལྡན་པའི་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བཟོ་བཀོད་འཕེལ་རྒྱས་གཏོང་དགོས། ལྷད་མེད་འཚོ་བ་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཐཱན་འབུད་ཚད་ཇེ་ཉུང་དུ་གཏོང་བ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་སྔོན་ལ་ཐཱན་འབུད་གཏོང་གི་རྩེ་མོར་སླེབས་པར་རྒྱབ་སྐྱོར་བྱེད་པ་དང་། 2030ལོའི་སྔོན་ལ་ཐཱན་འབུད་གཏོང་རྩེ་མོར་སླེབས་པའི་བྱ་སྤྱོད་འཆར་གཞི་བཟོ་དགོས།

སོ་དྲུག ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱ་དགོས། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་དགོས། སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་མུ་མཐུད་དུ་སྤེལ་ནས་ས་སྟེང་ས་འོག་དང་སྐམ་མཚོ་བཅས་གཅིག་གྱུར་འཆར་འགོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་ལུགས་འཛུགས་དགོས། སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་ཚོད་འཛིན་དང་ས་ཁོངས་མཉམ་དུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྲ་རྡུལ་དང་དྲི་ངན་དབྱང་རླུང་མཉམ་དུ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྦགས་བཙོག་ཆེ་བའི་གནམ་གཤིས་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་སྦུག་དྲ་ཡོངས་སུ་ཁེབས་པར་བྱས་ཏེ། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། རྫས་ལུད་དང་ཞིང་སྨན་ཇེ་ཉུང་དུ་གཏོང་ཚད་དང་ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དཀར་པོའི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཉེན་ཆེའི་ཟོག་རོ་དང་སྨན་བཅོས་ཀྱི་ཟོག་རོ་བསྡུ་རུབ་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཙོ་གནད་ས་ཁུལ་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་གནས་སྤོ་དང་བསྒྱུར་བཀོད་ལེགས་འགྲུབ་བྱ་དགོས། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་པར་མཐོང་ཆེན་བྱ་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་བཙོག་འབུད་དབང་ཆ་དང་། ནུས་སྤྱོད་དབང་ཆ། ཆུ་སྤྱོད་དབང་ཆ། ཐཱན་འབུད་དབང་ཆ་བཅས་ཁྲོམ་ར་ཅན་དུ་འགྱུར་བའི་ཉོ་ཚོང་ལ་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་དང་ནུས་བསྲི་སྙིགས་འཕྲིའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དོ་དམ་འཐུས་ཚང་དུ་གཏོང་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་གིས་ཞུགས་པ་དང་སྣེ་ཁྲིད་བྱ་དགོས།

སོ་བདུན།  སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱ་དགོས། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙང་པོ་དང་མཚོ་དཔོན་ལམ་ལུགས་ཤུགས་ཆེར་གཏོང་བ་དང་གཙང་པོ་དང་ཆུ་བོ་ཆེན་པོ་དང་མཚེའུ་གལ་ཆེན་དང་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཏེ། འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་ལག་བསྟར་ཡག་པོ་བྱ་དགོས། མྱ་ངམ་ཐང་དང་། བྱེ་རྡོ་ཅན། ས་ཆུ་ཤོར་བ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་དགོས། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་བྱ་སྤྱོད་སྤེལ་བ་དང་། ནགས་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། རྩྭ་ཐང་དང་། ནགས་ཚལ། ཆུ་བོ། མཚེའུ་བཅས་སོར་ཆུད་སྐྱེ་འཕེལ་ཡོང་བར་བྱེད་པ་དང་། ས་ནག་ཐང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།  གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་དེས་རང་རྒྱལ་གྱི་ཐེག་ནུས་ཞན་པའི་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་བྱུང་སྲུང་སྐྱོབ་ཁུལ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིང་བྱ་དགོས།

སོ་བརྒྱད། ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ཏེ། རང་བྱུང་ཐོན་ཁུངས་གི་བརྟག་དཔྱད་གདེང་འཇོག་ལྟ་ཞིབ་ཚད་ལེན་དང་བདག་དབང་གཏན་འཁེལ་ཐོ་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཛུགས་དགོས། ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་བསྡོམས་འབོར་དོ་དམ་དང་། ཚན་རིག་དང་མཐུན་པར་བཀོད་སྒྲིག ཕྱོགས་ཡོངས་ནས་གྲོན་ཆུང་། འཁོར་རྒྱུག་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་ཚོད་འཛིན་ལམ་ལུགས་འཛུགས་དགོས། རྒྱ་མཚོའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ཐོན་ཁུངས་ཀྱི་རིན་གོང་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གད་སྙིགས་རིགས་དབྱེ་དང་ཉུང་འཕྲི་ཅན། ཐོན་ཁུངས་ཅན་བཅས་སུ་འགྱུར་བར་བྱ་དགོས། དངོས་ཟོག་རྙིང་ཧྲུལ་འཁོར་སྐྱོད་བེད་སྤྱོད་མ་ལག་མགྱོགས་མྱུར་ངང་འཛུགས་དགོས།

བཅུ་གཅིག ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ཏེ།  མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས།

ཁྱབ་ཁོངས་སྔར་ལས་ཆེ་ཞིང་རིམ་གྲས་སྔར་ལས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་རྒྱུན་འཁྱོངས་བྱ་དགོས། རང་རྒྱལ་གྱི་ཁྲོམ་ར་ཆེན་པོའི་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས།

སོ་དགུ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་འཛུགས་སྐྲུན་བྱ་དགོས། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་ གཏོང་བ་དང་། ཉོ་ཚོང་དང་མ་དངུལ་གཏོང་བ་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་པར་ཞུགས་མཆན་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་ཐོག་བཀག་རྒྱ་གསལ་ཐོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་ངང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཏང་པའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱ་དགོས། ཕྱི་རྒྱལ་དུ་མ་དངུལ་གཏོང་པར་སྐུལ་འདེད་དང་འགན་སྲུང་བྱེད་པའི་བཅའ་ཁྲིམས་དང་། སྲིད་ཇུས། ཞབས་ཞུའི་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཁྲིམས་མཐུན་ཁེ་དབང་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱ་དགོས། སྤུས་ཚད་མཐོན་པོས་ནང་འདྲེན་དང་ཆུ་ཚད་མཐོན་པོས་ཕྱི་རུ་སྐྱོད་པ་མངོན་འགྱུར་བྱ་དགོས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་གྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། དེར་བཅོས་སྒྱུར་སྔར་ལས་ཆེ་བའི་རང་བདག་དབང་ཆ་སྤྲོད་དགོས། ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་མཐོ་ས་གསར་པ་འཛུགས་སྐྲུན་བྱ་དགོས། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་སྒུལ་བྱེད་དང་ཁེ་ལས་ཀྱི་རང་བདག་གདམ་གསེས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཤོག་སྒོར་རང་མོས་ངང་བེད་སྤྱོད་གཏོང་རྒྱུ་རྨང་གཞིར་བྱེད་པའི་གཉིས་ཕན་མཉམ་ལས་ཀྱི་འབྲེལ་བ་གསར་པ་གཏོད་དགོས། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་ སོགས་འགྲེམས་ཚོགས་གལ་ཆེན་གྱི་ལས་སྟེགས་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས།

བཞི་བཅུ།  “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། ལྗང་མདོག་དང་། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་འདུ་ཤེས་འཛིན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་ཆེར་གཏོང་དགོས། གཉིས་ཕན་མཉམ་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་མ་ལག་འཛུགས་དགོས། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་རྒྱ་བསྐྱེད་དགོས། ཁེ་ལས་གཙོ་བོར་འཛིན་པ་དང་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་རྒྱུན་སྲོལ་དང་བུ་ལོན་རྒྱུན་མཐུད་ཐུབ་པའི་རྩ་དོན་བརྩི་སྲུང་དང་། སྣ་མང་ཅན་གྱི་མ་དངུལ་གཏོང་བསྡུས་མ་ལག་འཐུས་ཚང་དུ་གཏོང་དགོས། འཐབ་ཇུས་དང་། འཆར་འགོད། རྐྱེན་སྲོལ་བཅས་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་། སྒྲིག་སྲོལ། ཚད་གཞི་བཅས་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་རྒྱག་དགོས། སྤྱི་པའི་འཕྲོད་བསྟེན་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ཚན་རྩལ་སློབ་གསོའི་མཉམ་ལས་བཅས་གཏིང་ཟབ་ཏུ་སྤེལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས།

ཞེ་གཅིག  གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བཅོས་སྒྱུར་བྱེད་པར་ཧུར་ཐག་གིས་ཞུགས་དགོས། འདྲ་མཉམ་གྲོས་མོལ་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་བྱེད་ནུས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་སྲུང་སྐྱོབ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅོས་སྒྱུར་ཁྲོད་ཧུར་ཐག་གིས་ཞུགས་ཏེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་ས་ཁོངས་དངུལ་གཏོང་ཉོ་ཚོང་མཉམ་ལས་རྐྱེན་སྲོལ་ཁྲོད་ཧུར་ཐག་གིས་ཞུགས་དགོས། གསར་དར་ཁྱབ་ཁོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་སྒྲིག་སྲོལ་གཏན་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩ་བཅོས་སྐྱོང་ཁྲོད་ཞུགས་པའི་ནུས་པ་ཆེ་རུ་གཏོང་དགོས། རང་མོས་ཉོ་ཚོང་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱས་ཏེ།  གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་འཛུགས་དགོས།

བཅུ་གཉིས།  མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་རྐང་འཛུགས་སར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། གང་ཐུབ་ཅི་ཐུབ་དང་ནུས་ཚོད་ཀྱིས་སྒྲུབ་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

ཞེ་གཉིས། མི་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་དགོས། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། གླ་ཕོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གླ་ཕོགས་ལུགས་མཐུན་ངང་འཕར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཏེ། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་ཡོང་འབབ་འབྲིང་རིམ་གྱི་མང་ཚོགས་རྒྱ་བསྐྱེད་དགོས།  རྒྱུ་རྐྱེན་གཙོ་བོ་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཁྲོམ་རས་ཐོབ་ཆ་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ས་ཞིང་དང་མ་རྩ་སོགས་རྒྱུ་རྐྱེན་གཙོ་བོའི་སྤྱོད་དབང་དང་ཕན་ཆ་ཐོབ་དབང་ལ་བརྟེན་ནས་ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་རྒྱུ་རྐྱེན་གཙོ་བོའི་ཡོང་འབབ་ཇེ་མང་དུ་གཏོང་བར་འཚོལ་ཞིབ་བྱེད་དགོས། ཐབས་ལམ་མང་ པོ་ནས་མཁར་གྲོང་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་།  བགོ་བཤའ་བསྐྱར་མའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་སྙོམ་སྒྲིག་བྱེད་ཤུགས་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། ཡོང་འབབ་མཐོ་དྲགས་རིགས་སྙོམས་སྒྲིག་ལུགས་མཐུན་བྱ་དགོས། ཁྲིམས་དང་མི་མཐུན་པའི་ཡོང་འབབ་མེད་པར་བཟོ་དགོས། བགོ་བཤའ་ཐེངས་གསུམ་པའི་ནུས་པ་འདོན་སྤེལ་དང་། དགེ་བའི་བྱ་གཞག་གོང་སྤེལ། ཡོང་འབབ་དང་རྒྱུ་ནོར་བགོ་བཤའ་རྒྱག་སྟངས་ལེགས་བཅོས་བཅས་བྱ་དགོས།

ཞེ་གསུམ། ལས་ཞུགས་སྔོན་མ་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་འཇགས་དང་རྒྱ་བསྐྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་ཁ་ཕྱོགས་རྒྱུན་འཁྱོངས། ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་བ་དང་། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ། ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ངལ་རྩོལ་པའི་ཐོབ་ཐང་དང་ཁེ་དབང་འགན་སྲུང་བྱ་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་། ངལ་རྩོལ་འབྲེལ་བ་མཐུན་སྦྱོར་རྐྱེན་སྲོལ། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་དགོས། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་ལྷོད་དུ་གཏོང་བར་སྔར་བས་དོ་སྣང་དང་། ངལ་རྩོལ་པའི་རྩལ་ནུས་བྱང་ཚད་མགྱོགས་མྱུར་ངང་ཇེ་མཐོར་གཏོང་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཁར་གྲོང་གི་ལས་ཞུགས་སྲིད་ཇུས་མ་ལག་གཅིག་གྱུར་འཆར་འགོད་བྱ་དགོས། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པ་ཆེ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་གི་མི་སྣ་ལས་ཀར་ཞུགས་པར་རོགས་སྐྱོར་བྱེད་དགོས། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་ཐབས་ལམ་མང་པོ་ནས་སྐབས་བསྟུན་ལས་ཞུགས་བྱེད་པའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ་དང་། ལས་ཞུགས་ཀྱི་དགོས་མཁོར་བརྟག་དཔྱད་དང་ལས་ཤོར་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

ཞེ་བཞི།  སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་གསོ་སྐྱོང་བྱ་དགོས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ། སློབ་མའི་ཡ་རབས་བྱང་ཚད་དང་། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས། ལག་ལེན་གྱི་འཇོན་ཐང་བཅས་ཆེ་རུ་གཏོང་དགོས། ན་གཞོན་ལོ་ཆུང་གི་གཟུགས་པོའི་བྱང་ཚད་དང་སེམས་ཁམས་བདེ་ཐང་གི་སློབ་གསོར་མཐོང་ཆེན་བྱ་དགོས། སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་དང་། སློབ་གསོའི་བཅོས་སྒྱུར་ཟབ་སྤེལ། སློབ་གསོ་འདྲ་མཉམ་ཡོང་བར་ཡར་སྐུལ་ བཅས་བྱ་དགོས། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་དང་མཁར་གྲོང་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཀུན་ཕན་རང་བཞིན་གྱི་སློབ་སྔོན་ སློབ་གསོ་དང་དམིགས་བསལ་སློབ་གསོ། ཆེད་དམིགས་སློབ་གསོའི་འགན་སྲུང་རྐྱེན་སྲོལ་བཅས་འཐུས་ཚང་དུ་གཏོང་དགོས། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་འགྲོ་བར་བསྔགས་སྐུལ་བྱ་དགོས། མི་ཤུགས་ཀྱི་མ་རྩར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། ལས་རིགས་ལག་རྩལ་གྱི་སློབ་གསོ་དང་མཐུན་པའི་རང་བཞིན་ཇེ་ཆེར་གཏོང་དགོས། ལས་རིགས་དང་མཐོ་རིམ་སློབ་གྲྭ་མཉམ་འདྲེས་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས་བཅས་ཟབ་སྤེལ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་ཕྲུག་ལམ་ལུགས་འཚོལ་ཞིབ་བྱ་དགོས། ལག་རྩལ་དང་ནུས་རྩལ་ལྡན་པའི་ཤེས་ལྡན་མི་སྣ་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་རིགས་འབྱེད་འཛུགས་སྐྱོང་བྱེད་པ། རང་བྱུང་ཚན་རིག་དང་། བཟོ་ཞིང་། སྨན་ཁང་བཅས་ཀྱི་ཆེད་ལས་སུ་དཀོན་པའི་ཤེས་ལྡན་མི་སྣ་མགྱོགས་མྱུར་ངང་གསོ་སྐྱོང་བྱ་དགོས། མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ་དང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚད་ལྡན་དུ་གཏོང་དགོས། དྲ་ཐོག་སློབ་གསོའི་བཟང་ཆ་འདོན་སྤེལ་དང་། ཚེ་གང་སློབ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བཅས་བྱ་དགོས།

ཞེ་ལྔ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། དམངས་ཡོངས་ལ་ཁྱབ་པ་དང་། མཁར་གྲོང་གཅིག་གྱུར་འཆར་འགོད། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་ཉེན་ཚབ་སྤོ་སྒྱུར་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་ཉེན་ཚབ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རིམ་བགྲོད་རྣམ་པའི་སྒོ་ནས་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་ལག་བསྟར་བྱེད་དགོས། རིམ་པ་མང་བ་དང་གཙོ་རྟེན་མང་བའི་རྒན་གསོའི་ཉེན་ཚབ་མ་ལག་འཕེལ་རྒྱས་གཏོང་དགོས། གཞི་རྩའི་སྨན་བཅོས་ཉེན་ཚབ་དང་། ལས་ཤོར་ཉེན་ཚབ། ལས་རྨས་ཉེན་ཚབ་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་ཉེན་ཚབ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་རྩིས་ཞུ་དོན་འཁྱོལ་བྱ་དགོས། ཡུན་རིང་བདག་སྐྱོང་ཉེན་ཚབ་ལམ་ལུགས་བརྟན་བརླིང་ངང་བཙུགས་ནས། ཧུར་ཐག་གིས་ཚོང་ལས་སྨན་བཅོས་ཉེན་ཚབ་འཕེལ་རྒྱས་གཏོང་དགོས། སྐབས་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་སྲུང་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཀའི་མ་ལག་དང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་དབྱེ་རིགས་འབྱེད་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་ཞབས་ཞུའི་མ་ལག་དང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་སོགས་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་སྲུང་ཉེན་ཚབ་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་དགོས།

ཞེ་དྲུག  བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་ཏེ། སྔོན་འགོག་གཙོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་དགོས། རྒྱལ་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་བརྟན་པོ་བཟོས་ནས། མི་དམངས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བསྒྱུར་བཅོས་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། ཉེན་ཁ་དཔྱད་དཔོག  རིམས་ནད་རིག་པའི་བརྟག་དཔྱད། བརྟག་དཔྱད་ཚད་ལེན། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་འགན་ནུས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་གཏོང་བའི་རྐྱེན་སྲོལ་བརྟན་པོ་འཛུགས་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས། སྨན་བཅོས་སྒྲིག་གཞིའི་སྤྱི་པའི་འཕྲོད་བསྟེན་འགན་འཁྲི་དོན་འཁྱོལ་བྱས་ནས་སྨན་བཅོས་དང་སྔོན་འགོག་གི་མཐུན་སྦྱོར་རྐྱེན་སྲོལ་གསར་གཏོད་བྱེད་དགོས། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་སྲོག་སྐྱོབ་དང་། ཚན་རྩལ་འདེགས་སྐྱོར། དངོས་ཟོག་འགན་སྲུང་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་ངོ་བོ་རྒྱུན་འཁྱོངས་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་དང་ས་ཁོངས་དོ་མཉམ་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཞུང་གཉེར་སྨན་ཁང་འཛུགས་སྐྲུན་དང་དོ་དམ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་བསྡུས་ཀྱིས་ཉོ་སྒྲུབ་དང་བཀོལ་སྤྱོད་བྱེད་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཚད་མཐོའི་སྨན་བཅོས་སྒྲིག་ཆས་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱང་བསྟེན་སྨན་བཅོས་ཁྱབ་གདལ་གཏོང་དགོས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཤུགས་ཆེན་པོས་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་གཏོང་དགོས། བདེ་ཐང་སློབ་གསོ་དང་། གཅོང་ནད་དོ་དམ། དབང་པོ་སྐྱོན་ཅན་གྱི་ལུས་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། བསམ་པའི་འཕྲོད་བསྟེན་དང་སེམས་ཁམས་བདེ་ཐང་ཡོང་བར་མཐོང་ཆེན་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་ནས་དམངས་ཡོངས་ལ་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། བདེ་ཐང་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས།

ཞེ་བདུན། མི་གྲངས་ལོ་ལོན་ཅན་དུ་འགྱུར་བར་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་དགོས། མི་གྲངས་ཡུན་རིང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཏན་འབེབས་དང་། བུ་བཙའི་སྲིད་ཇུས་ལེགས་འགྱུར། བུ་བཙའི་སྲིད་ཇུས་ཀྱི་ཁོང་ཡངས་རང་བཞིན་ཆེ་རུ་གཏོང་བ་དང་། སྐྱེ་གསོ་གཉིས་ལེགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བ་དང་། བྱིས་པ་བཙའ་བ་དང་། གསོ་སྐྱོང་། སློབ་གསོའི་མ་གནས་བཅས་ཇེ་དམར་གཏོང་དགོས། མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་མི་གྲངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། ཧུར་ཐག་གིས་རྒན་རྒོན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱས་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཀུན་ཕན་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་དང་རོགས་རེས་རང་བཞིན་གྱི་རྒན་གསོ་འཕེལ་རྒྱས་གཏོང་བ་དང་། ཁྱིམ་ཚང་གིས་རྒན་གསོའི་ནུས་པ་འཁུར་བར་རྒྱབ་སྐྱོར་བྱ་དགོས། རྒན་གསོའི་ལས་རྣམ་གསར་པ་གསོ་སྐྱོང་དང་། ཁྱིམ་སྡོད་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་ལུས་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པ་དང་། རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ཞེ་བརྒྱད། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་མཁར་གྲོང་གི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་དམངས་གཙོའི་གྲོས་མོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གི་བཅོས་སྐྱོང་དེ་སྤྱི་ཚོགས་ཀྱི་སྙོམ་སྒྲིག་དང་སྡོད་དམངས་ཀྱི་རང་སྐྱོང་དང་མཉམ་འགུལ་ལེགས་པོ་ཡོང་བ་མངོན་འགྱུར་བྱས་ཏེ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྲོམ་རའི་གྲུབ་ཆ་གཙོ་བོ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པ། སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན། དང་བླངས་པ་སོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་བདེ་བླག་དང་ཚད་ལྡན་དུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་སྤོ་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ལ་དབང་ཆ་དང་ནུས་པ་སྤྲོད་དགོས། གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་དང་ལྷག་པར་དུ་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར། སྒོ་འབྱེད་མཉམ་སྤྱོད་བཅས་ཀྱི་གཞི་རིམ་དོ་དམ་ཞབས་ཞུའི་ལས་སྟེགས་འཛུགས་དགོས། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།