ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། (ཁག་བཞི་བ)
2020.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 80

བདུན། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་བཏང་སྟེ་ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

“ཞིང་གསུམ་”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་འཇོག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཞིང་སྡེ་དར་སྤེལ་གྱི་བགྲོད་ལམ་དུ་བསྐྱོད་པ། ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་མཁར་གྲོང་གིས་ཞིང་སྡེ་ལ་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བཟོ་ལས་དང་ཞིང་ལས་ཀྱིས་ཕན་ཚུན་སྐུལ་འདེད་དང་། མཁར་གྲོང་དང་ཞིང་སྡེ་ཕན་ཚུན་གསབ་རེས་བྱེད་པ། མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བ། ཐུན་མོང་དར་རྒྱས་ཀྱི་བཟོ་ཞིང་མཁར་གྲོང་གི་འབྲེལ་བ་གསར་པ་ཆགས་པར་སྐུལ་འདེད་བཏང་ནས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

ཉེར་ལྔ། ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས།

རྒྱལ་ཇུས་དམངས་ཚིས་འགན་སྲུང་གི་བླང་བྱ་དང་འཚམ་པར་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དེ་མ་མཐའི་ཚད་ཐིག་ལ་བཟུང་བ་དང་། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཏན་གྱིས་རྒྱུན་འཁྱོངས་བྱས་ནས། ཞིང་ས་ལས་འབྲུ་རིགས་གསོག་པ་དང་། ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་པའི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། ཞིང་ལས་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ས་སྐྲུན་པའི་བཟོ་སྐྲུན་ལག་བསྟར་བྱེད་པ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་སོན་བཟང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། སྲོག་ཆགས་ཀྱི་རིམས་འགོག་དང་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་མ་ལག་འཐུས་ཚང་དུ་བཏང་སྟེ། བློ་གྲོས་ལྡན་པའི་ཞིང་ལས་འཛུགས་སྐྲུན་བྱ་དགོས། ལྗང་མདོག་ཁྲིད་སྟོན་དང་། ཚད་ལྡན་གྱི་སྣེ་ཁྲིད། སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་ནས། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་དགོས། ཞིང་ལས་མཁོ་སྤྲོད་ཀྱི་གྲུབ་ཚུལ་རང་བཞིན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་དང་ས་ཁོངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ཁུལ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྱད་སྟོབས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་འབྲུ་རིགས་སྤུས་དག་ལས་གཞིར་སྐུལ་འདེད་གཏོང་དགོས། འབྲུ་རིགས་གཙོ་བོར་ཐོན་སྐྱེད་བྱེད་པའི་ས་ཁུལ་གྱི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་དང་། སྲིང་བལ། སྣུམ། ཀ་ར། ཤ་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་བདེ་འཇགས་ལ་འགན་སྲུང་བྱས་ནས། གསོག་ཉར་སྙོམས་སྒྲིག་ནུས་པ་ཇེ་ཆེར་གཏོང་དགོས། འབྲུ་རིགས་གྲོན་ཆུང་བྱེད་པའི་བྱ་སྤྱོད་སྤེལ་དགོས། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་སྡེའི་དཔལ་འབྱོར་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་བར་སྟོང་རྒྱ་བསྐྱེད་དགོས།

ཉེར་དྲུག ཞིང་སྡེ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱ་དགོས། ཞིང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་ཞིག་ཏུ་འཇོག་དགོས། རྫོང་མཁར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་སྟེ། ཞང་གྲོང་དེ་ཞིང་པར་ཞབས་འདེགས་ཞུ་བའི་ས་ཁོངས་ཀྱི་ལྟེ་གནས་ཞིག་ཏུ་སྐྲུན་དགོས། རྫོང་ཁོངས་ཀྱི་གྲོང་རྡལ་དང་ཞིང་སྡེའི་འཆར་འགོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྲོལ་རྒྱུན་གྱི་སྡེ་བ་དང་ཞིང་སྡེའི་རྣམ་པར་སྲུང་སྐྱོབ་བྱ་དགོས། ཞིང་སྡེའི་ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་། རྒྱང་སྒྲོག་བརྙན་འཕྲིན། ཚོང་ཟོག་སྐྱེལ་འདྲེན་སོགས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། ཞིང་པའི་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་གསང་སྤྱོད་བསྒྱུར་བཀོད་དང་། འཚོ་བའི་གད་སྙིགས་གཙང་སེལ། བཙོག་ཆུ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། གཙང་པོ་དང་མཚེའུ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་དགོས། ཞིང་བའི་ཚན་རྩལ་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་བཏང་ནས། ཞིང་སྡེའི་འཇོན་མིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཉེར་བདུན། ཞིང་སྡེ་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། མཁར་གྲོང་མཉམ་འདྲེས་ཀྱི་འཕེལ་རྒྱས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་མཁར་གྲོང་གི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་སུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། ས་ཞིང་འགན་གཙང་ལེན་ཐེངས་གཉིས་པའི་དུས་ཡུན་ལོངས་རྗེས་། ད་དུང་ལོ་སུམ་ཅུར་ཇེ་རིང་དུ་གཏོང་བའི་སྲིད་ཇུས་དངོས་འབེབ་བྱས་ཏེ། ཞིང་བའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་སོགས་རྣམ་པ་གསར་བའི་ཞིང་ལས་ལས་གཉེར་གྱི་གྲུབ་ཆ་གཙོ་བོ་གསོ་སྐྱོང་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ལས་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་མང་བའི་སྒོ་ནས་གཞི་ཁྱོན་འོས་འཚམ་གྱི་ལས་གཉེར་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཁྱིམ་ཆུང་བ་དང་དེང་རབས་ཞིང་ལས་ཀྱི་འབྲེལ་མཐུད་དམ་པོ་ཡོང་བ་མངོན་འགྱུར་བྱ་དགོས། མཁར་གྲོང་གཅིག་གྱུར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྲོམ་ར་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་ཐུན་མོང་ལས་གཉེར་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཚོང་རར་ཞུགས་པའི་ལམ་ལུགས་ལག་བསྟར་བྱེད་པ་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། ས་ཞིང་བསྡུ་ལེན་གྱི་སྤྱི་བའི་ཁེ་ཕན་ལ་མཁོ་བའི་ས་ཞིང་ངོས་འཛིན་རྐྱེན་སྲོལ་བཙུགས་ནས། ས་ཞིང་བསྡུ་ལེན་གྱི་ཁྱབ་ཁོངས་ཇེ་ཆུང་དུ་གཏོང་དགོས། ཁང་སའི་བདག་དབང་དང་། ཐོབ་ཐང་གི་དབང་ཆ། བཀོལ་སྤྱོད་དབང་ཆ་བཅས་ལོགས་སུ་འབྱེད་པའི་རྣམ་པ་འཚོལ་ཞིབ་བྱ་དགོས། མཁར་གྲོང་དུ་གཞིས་ཆགས་པའི་ཞིང་བའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་། ཁང་ས་བཀོལ་སྤྱོད་བྱེད་པའི་དབང་ཆ། ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་པའི་དབང་ཆ་བཅས་འགན་སྲུང་བྱས་ཏེ། ཁྲིམས་ལྟར་རང་མོས་དང་རིན་པ་ཡོད་པའི་སྒོ་ནས་བརྒྱུད་བཤུག་བྱེད་པར་ཡར་སྐུལ་བྱ་དགོས། ཞིང་སྡེའི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། རྣམ་པ་གསར་བའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཞིང་སྡེའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱི་ཉེན་ཚབ་འཕེལ་རྒྱས་སུ་གཏོང་དགོས།

ཉེར་བརྒྱད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱ་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་དང་དར་རྒྱས་མིན་པའི་ས་ཁུལ་གྱི་རོགས་སྐྱོར་རྐྱེན་སྲོལ་འཛུགས་པ་དང་། ནོར་སྲིད་དངུལ་གཏོང་གི་ཤུགས་ཚད་སྤྱིའི་ཆ་ནས་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས་ཏེ། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་བཀག་འགོག་བྱེད་པར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ས་གཞན་ལ་གནས་སྤོས་རྗེས་མུ་མཐུད་དུ་དབུལ་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་། དབུལ་སྐྱོར་ལས་གཞིའི་མ་དངུལ་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྱདལྡན་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་ཐར་རྫོང་གི་ཁྲོད་ཞིང་སྡེ་དར་སྤེལ་གྱི་གཙོ་གནད་རྫོང་ཁག་སྐོར་ཞིག་ལ་གཅིག་བསྡུས་ཀྱིས་རྒྱབ་སྐྱོར་བྱས་ནས། དབུལ་ཐར་གྲུབ་འབྲས་དང་ནང་སྐྱེ་འཕེལ་རྒྱས་ཀྱི་ནུས་པ་ཇེ་བརྟན་དུ་གཏོང་དགོས། ཤར་ནུབ་རྒྱུད་མཉམ་ལས་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོར་ལ་ཞུགས་པ་སོགས་ཀྱི་རྐྱེན་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།

བརྒྱད། རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བ་དང་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་དགོས།

ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དང་། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་བཀོད་སྒྲིག་དང་འདེགས་སྐྱོར་མ་ལག་ཤིག་འཛུགས་དགོས།

ཉེར་དགུ རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་ཞིག་བསྐྲུན་དགོས། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་རྐང་ཚུགས་པ་དང་། ས་གནས་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། གྲོང་ཁྱེར་ཅན་གྱི་ས་ཁུལ་དང་། ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ། སྐྱེ་ཁམས་བྱེད་ནུས་ཁུལ་བཅས་བར་སྟོང་ཆེན་པོ་གསུམ་གྱི་གནས་སྟངས་རིམ་བཞིན་ཆགས་པ་དང་། རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་། ཐོན་སྐྱེད་ནུས་ཤུགས་གལ་ཆེན། སྤྱི་བའི་ཐོན་ཁུངས་བཀོད་སྒྲིག་བཅས་ཇེ་ལེགས་སུ་གཏོང་དགོས། གྲོང་ཁྱེར་ཅན་གྱི་ས་ཁུལ་ལ་ཕན་འབྲས་མཐོ་བའི་དཔལ་འབྱོར་དང་མི་གྲངས་བསྡུ་རུབ་བྱས་ནས། གཞི་རྩའི་ཞིང་ས་དང་སྐྱེ་ཁམས་བར་སྟོང་ལ་སྲུང་སྐྱོབ་བྱེད་པ་དང་། ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་གྱི་ཞིང་ལས་ཐོན་སྐྱེད་ནུས་པ་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་འཕེལ་རྒྱས་གཙོ་གནད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱེད་པའི་སྟེང་འཇོག་པ། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་མི་གྲངས་རིམ་བཞིན་གོ་རིམ་ཡོད་པའི་སྒོ་ནས་སྤོ་བསྒྱུར་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། བྱེད་ནུས་གཙོ་བོ་མངོན་མངོན་གསལ་དང་། ལེགས་ཆ་ཕན་ཚུན་གསབ་རེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་པར་བྱ་དགོས།

སུམ་ཅུ། ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་དང་། ཤར་བྱང་དར་སྤེལ་གཏོང་བར་འགག་གཏོར་གསར་པ་ཡོང་བར་སྐུལ་འདེད། དབུས་རྒྱུད་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་འབྱུང་བར་ཡར་སྐུལ། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་ལ་ཡར་སྐུལ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱ་དགོས། གསར་བརྗེའི་གནས་གཞི་ས་ཁུལ་རྙིང་བ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཐའ་དར་དམངས་ཕྱུག་དང་། མཐའ་མཚམས་བརྟན་འཇགས་དང་མཐའ་མཚམས་སྲ་བརྟན་ཡོང་བར་སྐུལ་འདེད་བྱ་དགོས། པེ་ཅིན་དང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་ས་ཁུལ་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། གསར་སྐྲུན་སྟེགས་བུ་དང་འཕར་ཚད་གསར་བ་བསྐྲུན་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་དགོས། སྐམ་ས་དང་རྒྱ་མཚོ་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། རྒྱ་མཚོ་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས། ས་ཁོངས་འཐབ་ཇུས་ལ་གཅིག་གྱུར་འཆར་འགོད་དང་། ཁྲོམ་ར་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ། ས་ཁོངས་མཉམ་ལས་ལ་ཕན་ཚུན་རོགས་རམ་བྱེད་པ། ས་ཁོངས་བར་གྱི་ཁེ་ཕན་ཁ་གསབ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དར་རྒྱས་ཆེ་བའི་ས་ཁུལ་དང་། དར་རྒྱས་མིན་པའི་ས་ཁུལ། ཤར་དབུས་ནུབ་རྒྱུད། ཤར་བྱང་ས་ཁུལ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་སྔར་ལས་སྐུལ་འདེད་གཏང་དགོས། གཏོང་སྤྲོད་སྤོ་བསྒྱུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དར་རྒྱས་མིན་པའི་ས་ཁུལ་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ་རིམ་བཞིན་མངོན་འགྱུར་བྱ་དགོས།

སོ་གཅིག མི་ལྟེ་བ་ཡིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གསར་བསྒྱུར་གྱི་བྱ་སྤྱོད་ལག་བསྟར་བྱས་ནས། གྲོང་ཁྱེར་གྱི་སྐྱེ་ཁམས་ཉམས་གསོ་དང་། བྱེད་ནུས་འཐུས་ཚང་དུ་གཏོང་བའིབཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཁྱེར་གྱི་གཞི་ཁྱོན་དང་། མི་གྲངས་ཀྱི་མང་ཉུང་། བར་སྟོང་གི་གྲུབ་ཚུལ་བཅས་ལུགས་མཐུན་གྱིས་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་མཁར་གྲོང་ཆུང་བ་མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་། གྲོང་ཁྱེར་གྱི་རྣམ་པ་གསར་བཟོ་བྱེད་པ། མཁར་གྲོང་གི་སྡོད་ཁུལ་རྙིང་བ་བསྒྱུར་བཀོད་དང་སྡོད་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཕྱིར་འབུད་ནུས་པ་ཇེ་དྲག་ཏུ་གཏོང་བ། མཚོ་བལ་གྲོང་ཁྱེར་དང་། མཉེན་གཤིས་གྲོང་ཁྱེར་འཛུགས་སྐྲུན་བྱ་དགོས། གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས། གྲོང་ཁྱེར་ཆེས་ཆེ་ཤོས་བཅོས་སྐྱོང་ཁྲོད་ཀྱི་ཉེན་ཁ་ཚོད་འཛིན་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྡོད་ཁང་ནི་སྡོད་ས་ཡིན་པ་མ་གཏོགས་ཚོང་རྒྱག་སྤྱད་ཅིག་མིན་པ་དང་། གླ་བ་དང་ཉོ་བ་མཉམ་འཛིན་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་མང་དུ་བཏང་སྟེ། ས་ཞིང་གཞན་ལ་བསྐོར་བའི་ཡོང་སྒོ་བགོ་བྱའི་རྐྱེན་སྲོལ་འཐུས་ཚང་དང་། ཐུན་མོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱད་དེ་འཆར་འགོད་འཛུགས་སྐྲུན་གྱི་གླ་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས་པ་དང་། ཡུན་རིང་བོར་ཁང་བ་གླ་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་མཁོ་སྤྲོད་བྱེད་ཤུགས་རྒྱ་སྐྱེད་དགོས། ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དང་། ནོར་སྲིད་སྤོ་བསྒྱུར་གཏོང་སྤྲོད་དང་མཁར་གྲོང་གི་གསར་དུ་ཁ་སྣོན་བྱས་པའི་འཛུགས་སྐྲུན་ལ་མཁོ་བའི་སའི་གཞི་ཁྱོན་དང་ཞིང་ལས་སྤོ་བསྒྱུར་མི་གྲངས་གྲོང་ཁྱེར་གྱི་སྡོད་དམངས་དུ་བསྒྱུར་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་བའི་ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཞིང་ལས་སྤོ་བསྒྱུར་མི་གྲངས་གྲོང་ཁྱེར་གྱི་སྡོད་དམངས་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། སྲིད་འཛིན་ས་ཁོངས་དགར་ཚུལ་ཇེ་ལེགས་སུ་གཏོང་བ་དང་། ལྟེ་གནས་གྲོང་ཁྱེར་དང་གྲོང་ཁྱེར་ཚོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དེང་རབས་ཅན་གྱི་གྲོང་ཁྱེར་ཁྱུ་ཚོགས་ཤིག་འཛུགས་སྐྲུན་བྱ་དགོས། ཁྲིན་ཡུས་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྫོང་མཁར་འདེགས་སྐྱོར་གལ་ཆེན་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

དགུ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་ནས་རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་ཤུགས་ཇེ་ཆེར་གཏོང་དགོས།

འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱས་ནས། རིག་གནས་ཀྱི་ཡིད་རྟོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། དར་ཆ་བསྒྲེངས་བ་དང་། དམངས་སེམས་གཅིག་ཏུ་བསྡུ་བ། འཇོན་ཐང་ཅན་གྱི་མི་སྣ་གསར་བ་སྐྱེད་བསྲིང་བྱེད་པ། རིག་གནས་དར་རྒྱས་གཏོང་བ། སྣང་བརྙན་གཏོད་པ་སོགས་ཀྱི་ལས་འགན་ལ་དམིགས་ཏེ། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་ཇེ་ཆེར་གཏོང་བ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བར་ཡར་སྐུལ་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱ་དགོས།

སོ་གཉིས། སྤྱི་ཚོགས་དཔལ་ཡོན་གྱི་ཚད་རིམ་ཇེ་མཐོར་གཏོང་དགོས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་བསམ་བློའི་འདུ་ཤེས་དང་། སྙིང་སྟོབས། དཔལ་ཡོན་དར་སྲོལ། བྱ་སྤྱོད་ཚད་ལྡན་ཆགས་པར་ཡར་སྐུལ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕུགས་བསམ་དད་མོས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས་གསར་བ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་ཀྱི་སློབ་གསོ་གཏོང་བར་ཤུགས་སྣོན་པ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་སློབ་གསོ་ལ་ཤུགས་སྣོན་པ། ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་འབད་བརྩོན་གྱི་ཁྲོད་ནས་ཆགས་པའི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་ཡོན་སྐྲུན་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པ་རྒྱ་སྐྱེད་དུ་གཏོང་དགོས། དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དང་བླངས་ཞབས་ཞུའི་གཅེས་སེམས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། ཡིད་རྟོན་རིག་གནས་དར་སྤེལ་དང་། ཡིད་རྟོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དཀའ་སྤྱད་འབད་བརྩོན་དང་། གྲོན་ཆུང་དར་སྤེལ་བཏང་སྟེ། ངལ་རྩོལ་གྱིས་བདེ་སྐྱིད་སྐྲུན་པ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་སློབ་གསོ་གཏོང་དགོས། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱ་དགོས། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། སྐྱོན་བྲལ་གྱི་དྲ་རྒྱའི་རིག་གནས་ཤིག་ཧུར་བརྩོན་གྱིས་འཕེལ་རྒྱས་སུ་གཏོང་དགོས།

སོ་གསུམ། སྤྱི་བའི་རིག་གནས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གསར་འགྱུར་དཔེ་སྐྲུན་དང་། རླུང་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་དར་རྒྱས་སུ་གཏོང་དགོས། རིག་རྩལ་བརྩམས་ཆོས་ཀྱི་སྤུས་ཀ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། དོན་དངོས་བརྗོད་བྱར་བཟུང་སྟེ་གསར་རྩོམ་བྱེད་པར་ཤུགས་བསྣན་ནས། དུས་རབས་ཀྱི་རྣམ་པ་གསར་པ་མཚོན་པ་དང་། མི་དམངས་ཀྱི་གསར་གཏོད་གསར་པའི་རིག་རྩལ་བརྩམས་ཆོས་བཟང་པོར་བསྟོད་གླུ་འབུལ་བ་སོགས་རྒྱུན་ཆད་མེད་པར་སྤེལ་དགོས། སྨྱན་བྱད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྨྱན་བྱད་ཡོངས་ནས་བརྒྱུད་བསྒྲགས་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ། རྣམ་པ་གསར་བའི་གཙོ་རྒྱུན་སྨྱན་བྱད་གྱི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་སྟེ། རྫོང་རིམ་པའི་སྨྱན་བྱད་མཉམ་འདྲེས་ལྟེ་གནས་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་གཏོང་དགོས། མཁར་གྲོང་གི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། རིག་གནས་དམངས་ཕན་བཟོ་སྐྲུན་གསར་གཏོད་དང་ལག་བསྟར་བྱེད་པ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སྤྱི་བའི་རིག་གནས་གྲངས་འཛིན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་རིག་གནས་སྒྲིག་བཀོད་གལ་ཆེན་དང་རིག་གནས་ལས་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་པར་སྐྲུན་ཁང་དང་། རྒྱལ་ཁབ་ཡིག་ཆ་གསོག་འཇོག་མཛོད་དང་། རིག་ལྡན་རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རིག་དངོས་དཔེ་རྙིང་སྲུང་སྐྱོབ་དང་། ཞིབ་འཇུག བེད་སྤྱོད་བཅས་བྱེད་པར་ཤུགས་བསྣན་ནས། རིག་གནས་དང་རང་བྱུང་ཤུལ་བཞག གཟུགས་འདས་རིག་གནས་ཤུལ་བཞག་བཅས་མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལྕགས་རི་རིང་པོ་དང་། མིས་བཟོས་གཙང་པོ། རྒྱང་སྐྱོད། རྨ་ཆུ་སོགས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་དགོས། དམངས་ཡོངས་ཀྱིས་ཡོངས་ཁྱབ་དུ་ལུས་སྦྱོང་བྱས་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བར་ཤུགས་སྣོན་བྱ་དགོས། པེ་ཅིན་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་འཚོག་པར་གྲ་སྒྲིག་བཟང་པོ་བྱ་དགོས།

སོ་བཞི། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་དང་། རིག་གནས་ཐོན་ལས་འཆར་འགོད་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རིག་གནས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། རིག་གནས་ཐོན་རྫས་སྤུས་དག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། རིག་གནས་ཐོན་ལས་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ནས་རྣམ་པ་གསར་བའི་རིག་གནས་ཁེ་ལས་དང་། རིག་གནས་རྣམ་པ། རིག་གནས་འཛད་སྤྱོད་རྣམ་པའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། རིག་གནས་ཐོན་ལས་ར་བའི་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ་དང་། ས་ཁོངས་རིག་གནས་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱས་ནས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གྲོང་ཁྱེར་དང་སྲང་ལམ་ཁག་གཅིག་བཏོད་དེ་གསར་བརྗེའི་ཁུལ་དུ་ཡུལ་སྐོར་བྱེད་པ་དང་ཞིང་སྡེར་ཡུལ་སྐོར་བྱེད་པ་འཕེལ་རྒྱས་གཏོང་དགོས། ཀྲུང་གོའི་གཏམ་རྒྱུད་ལེགས་པོ་འཆད་པ་ཤུགས་འདོན་སར་བརྩིས་ནས་རྒྱལ་སྤྱིའི་དྲིལ་སྒྲོག་ལསྐུལ་འདེད་དང་གསར་སྐྲུན་བྱས་ཏེ། ཕྱི་ཕྱོགས་རིག་གནས་བརྗེ་རེས་དང་རིམ་པ་མང་བའི་དཔལ་ཡོན་གླེང་མོལ་ལ་ཤུགས་སྣོན་བྱ་དགོས།

ལོ་ཙཱ། ཚེ་རིང་སྒྲོལ་མ།