ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། (ཁག་དྲུག་པ།)
2020.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

བཅུ་གསུམ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྔར་ལས་ཆུ་ཚད་མཐོ་བའི་དུས་བདེ་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ལག་བསྟར། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་གསར་སྐྲུན། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། བདེ་འཇགས་འཕེལ་རྒྱས་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོའི་ནང་ཁྱབ་པར་བྱས་ནས། རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་བའི་ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་དང་ཞི་འདུམ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་སྲུང་བྱེད་དགོས།

ཞེ་དགུ། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཅིག་བསྡུས་གཅིག་གྱུར་དང་དབང་ཟིལ་གྱི་ལས་ཆོད་མཐོ་བའི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་མ་ལག་དང་འཐབ་ཇུས་མ་ལག སྲིད་ཇུས་མ་ལག འཇོན་མི་མ་ལག་དང་འཁོར་སྐྱོད་རྐྱེན་སྲོལ་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་བདེ་འཇགས་ཁྲིམ་འཛུགས་དང་ལམ་ལུགས། སྲིད་ཇུས་བཅས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་འདྲི་དཔྱོད་དང་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་བཅས་སྲུང་སྐྱོང་བྱས་ཏེ། ཕྱོགས་ཡོངས་ནས་དྲ་རྒྱའི་བདེ་འཇགས་འགན་སྲུང་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དགྲར་འཛིན་སྟོབས་ཤུགས་སིམ་འཛིལ་བྱེད་པ་དང་གཏོར་བརླག་གཏོང་བ། མགོ་རྟིང་སློགས་པ། ཁ་བྲལ་གཏོང་བ་བཅས་ཀྱི་བྱ་འགུལ་ལ་དོགས་ཟོན་ནན་མོ་དང་རྡུང་རྡེག་དྲག་པོ་བྱེད་དགོས།

ལྔ་བཅུ། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། དཔལ་འབྱོར་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་དང་སྔོན་འགོག་ཚོད་འཛིན་རྐྱེན་སྲོལ་དང་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཐོན་ལས་གཙོ་བོ་དང་རྨང་གཞིའི་སྒྲིག་བཀོད། འཐབ་ཇུས་ཐོན་ཁུངས། ཚན་རྩལ་གཙོ་གནད་སོགས་ཁྱབས་ཁོངས་གནད་འགག་གི་བདེ་འཇགས་ལ་ཚོད་འཛིན་བྱས་ཆོག་པ་མངོན་འགྱུར་བྱེད་དགོས། ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་ལ་བརྟག་དཔྱད་དང་གདེང་འཇོག་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཏེ། ཐོན་ལས་མ་ལག་གི་རྡབ་རྡེག་འགོག་པའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཆུ་བེད་དང་གློག་ཤུགས། ཆུ་འདོན། སྣུམ་རླུང་། འགྲིམ་འགྲུལ། འཕྲིན་གཏོང་། དྲ་རྒྱ། དངུལ་རྩ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། ཆུའི་ཐོན་ཁུངས་ལ་ལེགས་བསྡུས་ཞིབ་གཉེར་བྱེད་པའི་བདེ་འཇགས་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་མི་འབྱུང་བར་གཏན་སྲུང་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་ཁེ་ཕན་ལ་སྲུང་སྐྱོང་དང་ཉེན་ཟོན་སྔོན་བརྡའི་དོགས་ཟོན་མ་ལག་འཛུགས་སྐྱོང་བྱེད་དགོས།

ང་གཅིག མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་དགོས། མི་དམངས་ནི་བླ་ན་མེད་པ་དང་ཚེ་སྲོག་ནི་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཡོད་ཚད་ཀྱི་གཙོ་བོར་བཟུང་ནས། ཕྱོགས་ཡོངས་ནས་སྤྱི་པའི་བདེ་འཇགས་ཀྱི་འགན་སྲུང་ནུས་ཤུགས་མཐོར་འདེགས་གཏོང་དགོས། བདེ་འཇགས་ཀྱི་ཐོན་སྐྱེད་འགན་འཁྲི་ལམ་ལུགས་འཐུས་ཚང་དང་དངོས་འབབས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལ་ཤུགས་སྣོན་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་གཏེར་རི། ཨར་ལས་བཟོ་སྐྲུན། འགྲིམ་འགྲུལ་སོགས་ཀྱི་ཐད་དུ་བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་འབྱུང་བར་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་དགོས། སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་ལ་ཤུགས་བསྣན་ནས་ཟས་རིགས་སྨན་རྫས་སོགས་མི་དམངས་ཀྱི་བདེ་ཐང་ལ་འབྲེལ་བ་ཡོད་པའི་ཐོན་རྫས་དང་ཞབས་ཞུའི་བདེ་འཇགས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཆུ་ལོག་དང་ཐན་པ། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན། ས་གཤིས་གནོད་འཚེ། ས་འགུལ་སོགས་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པའི་བཟོ་སྐྲུན་གྱི་ཚད་གཞི་ཇེ་མཐོར་བཏང་ནས། གཙང་བོའི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་ཉེན་ཁའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་པོ་བྱེད་པར་ཇེ་མགྱོགས་སུ་བཏང་ནས། ཕྱོགས་ཡོངས་ནས་ཆུ་རགས་དང་ཆུ་ལོག་གསོག་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། འཕྲལ་བསྟུན་དངོས་རྫས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། བབ་བསྟུན་དངོས་རྫས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་སྐྱོན་ཚབས་ཆེན་གྱི་ཉེན་ཚད་འཕེལ་རྒྱས་སུ་བཏང་ནས། གནོད་སྐྱོན་སྔོན་འགོག་དང་གནོད་སྐྱོན་ཉུང་གཏོང་། གནོད་འཚེ་འགོག་བཅོས། རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

ང་གཉིས། སྤྱི་ཚོགས་བརྟན་བརླིང་དང་བདེ་འཇགས་ཡོང་བར་སྲུང་སྐྱོབ་བྱ་དགོས། གནས་བབ་གསར་བའི་འོག་གི་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱས་ཏེ། དུས་རབས་གསར་བའི“ཧྥིན་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་བདེ་སྡུག་དང་ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་བྱ་བ་གེགས་མེད་དང་ཚད་ལྡན་དུ་གཏོང་དགོས། ཡིག་སྐུར་ངོ་གཏུག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འདུམ་འགྲིག་མཉམ་འགུལ་བྱ་བའི་མ་ལག་སྣ་ཚོགས་འཐུས་ཚང་དུ་གཏོང་བ། འབྱུང་ཁུངས་ནས་སྔོན་འགོག་བཀག་སྡོམ་དང་གྲལ་བཤེར་ལེགས་སྒྲིག རྩོད་གཞི་འདུམ་འགྲིག འཕྲལ་བསྟུན་ཐག་གཅོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་འགལ་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉམས་ཉེན་ཐེ་གཏོགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཆེད་ལས་མི་སྣ་དང་མང་ཚོགས་ཟུང་འབྲེལ། མང་ཚོགས་མཉམ་འགོག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲག་ཤུགས་འཇིགས་སྐུལ་དང་ནག་ཉེས་སྟོབས་ཤུགས། རྣམ་པ་གསར་བའི་དྲ་རྒྱའི་ནག་ཉེས་དང་རྒྱལ་ཁོངས་ལས་བརྒལ་བའི་ནག་ཉེས་བསགས་པར་སྔོན་འགོག་དང་རྡུང་རྡེག་ནན་མོ་གཏོང་དགོས་ལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

བཅུ་བཞི། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གཅིག་གྱུར་སྒོས་རྒྱལ་ཁབ་ཕྱུག་པོ་དང་དམག་དཔུང་སྟོབས་ལྡན་དུ་འགྱུར་བ་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱ་དགོས། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་རིག་ནུས་ཅན་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། 2027ལོར་དམག་དཔུང་བཙུགས་ནས་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།

ང་གསུམ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་དམག་འཁྲུག་དང་འཐབ་ཇུས་ཀྱི་མཛུབ་སྟོན་གསར་གཏོད་བྱ་དགོས། དུས་རབས་གསར་བའི་དམག་དོན་འཐབ་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྔོན་ཐོན་གྱི་དམག་འཐབ་གཞུང་ལུགས་འཕེལ་རྒྱས་གཏོང་དགོས། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། དམག་དོན་དོ་དམ་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། དམག་དཔུང་གི་རིགས་དང་དྲག་ཆས་ཉེན་རྟོག་དམག་དཔུང་རིགས་བསྒྱུར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འཐབ་ཇུས་ཀྱི་སྟོབས་ཤུགས་དང་ས་ཁོངས་གསར་བ་དང་སྤུས་ཚད་གསར་བའི་དམག་འཐབ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་ཟིལ་ཤུགས་དང་མཉམ་འབྲེལ་དམག་འཐབ་མ་ལག་བསྐྲུན་དགོས། དམག་དོན་སྟོབས་ཤུགས་མཉམ་འབྲེལ་སྦྱོང་བརྡར་དང་མཉམ་འབྲེལ་འགན་སྲུང་། མཉམ་འབྲེལ་བེད་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་དགོས། དམག་དོན་མི་སྣ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། གནས་གསུམ་གཞི་གཅིག་གི་དམག་དོན་ཤེས་ལྡན་མི་སྣ་གསར་བ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣའི་ཕྱོགས་སུ་སྦྱོང་བརྡར་བྱ་དགོས། མཚོན་ཆའི་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་རང་བརྟེན་གསར་གཏོད་དང་ཐོག་མའི་གསར་གཏོད་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། འཐབ་ཇུས་རང་བཞིན་དང་མདུན་གྲལ་རང་བཞིན། རྩ་སློག་རང་བཞིན་གྱི་ལག་རྩལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། མཚོན་ཆའི་སྒྲིག་ཆས་རིམ་སྤར་རབས་བརྗེ་དང་རིག་ནུས་ཅན་གྱི་མཚོན་ཆའི་སྒྲིག་ཆས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།

ང་བཞི། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་དུས་མཉམ་དུ་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་དང་མཐུན་སྦྱོར་ཡོང་བ་དང་། འཐབ་ཇུས་ངོས་ནས་འཆར་འགོད་ཡག་པོ་བྱ་དགོས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་དང་ལམ་ལུགས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་དགོས། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས། གསར་དར་ཁྱབ་ཁོངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་རྒྱལ་སྲུང་ཁྱབ་ཁོངས་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱ་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། ཚད་ལྡན་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐའ་བརྟན་མཐའ་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས།

བཅོ་ལྔ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གི་རྒྱུ་རྐྱེན་སྣ་ཚོགས་ལ་སྙོམས་སྒྲིག་གང་ལེགས་བྱས་ནས།  མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

ང་ལྔ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས། ཏང་གིས་ཁ་ཕྱོགས་དམ་འཛིན་དང་ཁྱོན་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས་”བྱེད་ཐུབ་པ། གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནུས་ལྡན་སྒོས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པོའི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ནས་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ཉམས་མྱོང་རྩ་ཆེན་སྤྱི་བསྡོམས་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ཏང་དང་མི་དམངས་ཀྱི་ལས་དོན་གྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱ་དགོས། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལས་བྱེད་པའི་ཚད་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པས་དུས་རབས་གསར་པ་དང་བླང་བྱ་གསར་པར་བསྟུན་ནས་བཅོས་སྒྱུར་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་བརླིང་སྲུང་སྐྱོང་བཅས་བྱེད་པའི་ཆུ་ཚད་དང་ཆེད་ལས་ཅན་དུ་འགྱུར་བའི་ནུས་པ་ཆེ་རུ་གཏོང་དགོས། འགན་འཁྲི་འཁུར་ཕོད་པ་དང་བཟང་པོར་སྒྲུབ་ཐུབ་པ་དེ་ལས་བྱེད་པར་སྐུལ་ལྕག་དང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་ལ་བརྟེན་ནས་ལས་སྒྲུབ་ལས་སྐྲུན་གྱི་ཁྲིད་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས། ཤེས་ལྡན་མི་སྣའི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས། གཟབ་ནན་གྱི་བྱ་བ་གཙོ་བོ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཏང་རང་ཉིད་གཙང་བཟོ་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བསྒྱུར། རང་ཉིད་མཐོར་འདེགས་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་དུ་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་བ། སྤྱི་དབང་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། བཀག་སྡོམ་ཁུལ་མེད་པ་དང་ཁྱོན་ཡོངས་ལ་ཁེབས་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་བོ་བསྐྲུན་དགོས།

ང་དྲུག སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་སྒོས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་རང་ངོས་ནས་འཐུས་ཚང་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག་ཁང་གཉིས”ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ལས་དོན་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་པར་འགན་སྲུང་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཐབས་འདོན་ཇུས་འདོན་དང་སྲིད་དོན་སྐྱོང་རོགས་དང་ངོས་འཛིན་གཅིག་མཐུན་བཅས་གོང་བུར་འགྲིལ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཁྲིད་སྟོན་བྱ་དགོས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་ཞབས་ཞུ། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ལྟ་སྐུལ་བཅས་བྱེད་པའི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ནས། རང་སོ་སོས་འབྲེལ་གཏུག་བྱེད་པའི་མང་ཚོགས་རྣམས་ཏང་གི་མཐའ་སྐོར་དུ་གོང་བུར་བསྒྲིལ་དགོས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཕྱིར་སྡོད་རང་མིའི་སེམས་པ་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འགྱུར་བའི་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ། རྩ་ཁྲིམས་ལྟེ་བར་གྱུར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་དགོས་བ་དང་། ལྟ་ཞིབ་དབང་ཆ་དང་འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་འཁོར་སྐྱོད་དང་ལྟ་སྐུལ་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་སྐྱོང་གི་གཞི་རྩ་སྲ་བརྟན་དང་སྔོན་དཔག་བརྟན་པོ། ཡུན་རིང་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ང་བདུན། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བ་སྲུང་འཛིན་བྱ་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ། ”“ཨའོ་མོན་པས་ཨའོ་མོན་སྐྱོང་བ། ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བཟང་བོ་བྱས་ཏེ། ཁྲིམས་ལྟར་ཞང་ཀང་དང་ཨའོ་མོན་ལ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་བྱ་དགོས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་འགྲན་རྩོད་ཀྱི་ཁྱད་སྟོབས་སྲ་བརྟན་དང་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་གསར་སྐྲུན་ཚན་རྩལ་ལྟེ་གནས་འཛུགས་སྐྲུན་བྱ་དགོས། “རྒྱུད་གཅིག་ལམ་གཅིག”གི་བྱེད་ལས་ལས་སྟེགས་བསྐྲུན་ནས་དཔལ་འབྱོར་སྣ་མང་ཅན་དང་རྒྱུན་མཐུད་རུང་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཞང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་སུ་སྔར་ལས་ལེགས་པར་འདྲེས་པར་རྒྱབ་སྐྱོར་བྱ་དགོས། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ནང་ལོག་ས་ཁུལ་དུ་འཕེལ་རྒྱས་གཏོང་བར་སྟབས་བདེ་སྐྲུན་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ཀང་ཨའོ་སྤུན་ཟླའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་སྙིང་སྟོབས་ཇེ་དྲག་ཏུ་གཏོང་། ཞང་ཀང་དང་ཨའོ་མོན་གཉིས་ཀྱིས་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོ་དང་བསམ་བློ་བརྗེ་རེས་དང་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས།

ང་བརྒྱད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་རྒྱབ་རྟེན་དུ་བྱས་ཏེ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་ཁྲོམ་ར་གསར་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཐུན་མོང་གིས་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ་བཅས་བྱེད་དགོས། སྤུན་ཟླ་ཐའེ་ཝན་པའི་བདེ་སྐྱིད་འགན་སྲུང་དང་སྐམ་ས་ཆེན་པོར་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་པའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཐའེ་ཝན་གྱི་ཚོང་བ་དང་ཐའེ་ཝན་གྱི་ཁེ་ལས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཐའེ་ཝན་གྱི་མ་རྩའི་ཁེ་ལས་དག་སྐམ་ས་ཆེན་པོའི་ཚོང་རར་སྒོ་འབྱེད་བྱེད་པར་རྒྱབ་སྐྱོར་དང་། ཧྥུའུ་ཅན་གྱིས་མཚོ་འགག་འགྲམ་གཉིས་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཚོ་འགག་འགྲམ་གཉིས་ཀྱི་གཞི་རིམ་དང་གཞོན་ནུ་ལོ་ཆུང་བར་གྱི་བསམ་བློ་བརྗེ་རེས་ལ་ཤུགས་སྣོན་རྒྱག་དགོས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་དོགས་ཟོན་ཆེན་པོ་དང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས།

ང་དགུ ཧུར་ཐག་གིས་ཕྱི་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཐའ་སྐོར་རྒྱལ་ཁབ་དང་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧུར་ཐག་གིས་གོ་ལ་ཧྲིལ་པོའི་སྤུན་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་དགོས། ཕྱོགས་མང་རིང་ལུགས་དང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་ཟབ་ཞུགས་བྱེད་པ་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་བཅའ་ཁྲིམས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། ཐུན་མོང་གིས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས། ཧུར་ཐག་གིས་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

དྲུག་ཅུ། འཆར་འགོད་བཟོ་བ་དང་དོན་འཁྱོལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར། རྒྱལ་ཁབ་དང་ས་གནས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་ཀྱི་རྩ་གནད་དང་ཆེད་དམིགས་འཆར་འགོད་གཏན་འབེབས་བྱས་ཏེ། གནས་ཐིག་ཡང་དག་པ་དང་མཐའ་མཚམས་གསལ་བ། ནུས་པ་གསབ་རེས། གཅིག་གྱུར་འབྲེལ་མཐུད་བཅས་ཀྱི་རྒྱལ་ཁབ་ཀྱི་འཆར་འགོད་མ་ལག་ཆགས་པར་བྱ་དགོས། སྲིད་ཇུས་མཐུན་སྦྱོར་དང་བྱ་བ་མཐུན་སྦྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འཆར་འགོད་ལག་བསྟར་གྱི་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་རྐྱེན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ལས་འགན་དཀའ་ཚེགས་ཆེ་ལ་མདུན་ལམ་འོད་ཟེར་ལྡན་པ་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། བློ་གཅིག་སེམས་གཅིག་དང་ཞུམ་མེད་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་བ་ལེན་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།