དབུལ་ཐར་མཁྲེགས་གཏོར་ལས་དོན་ཞིང་སྡེ་དར་རྒྱས་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱ་དགོས།
2020.11.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 53

 “ཞིང་སྡེ་དར་རྒྱས་འབྱུང་ན་རྒྱལ་ཁབ་འཕེལ་རྒྱས་འབྱུང་ཐུབ། ” ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཏེ་རོང་འབྲོག་ཁུལ་གྱི་འཆམ་མཐུན་བརྟན་འཇགས་དང་རོང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་མངོན་འགྱུར་བྱེད་པའི་ལས་འགན་ལྗིད་མོ་དེ་ཞིང་སྡེར་གནས་ཡོད།  དབུལ་ཕོངས་སྡེ་བ་མེད་པར་བཟོ་བ་དང་། སྡེ་བ་དབུལ་པོའི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། དེ་མིན་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་བཅས་ནི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཡོངས་འགྲུབ་བྱས་ནས་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་མངོན་འགྱུར་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།

དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་པོ་གཉིས་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྱོན་ཡོངས་ནས་དབུལ་ཐར་དང་ཞིང་སྡེ་དར་རྒྱས་སྦྲེལ་མཐུད་ལེགས་པོ་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད། དབུལ་ཞྭ་ཕུད་པ་ནི་མཐའ་མཇུག་ཏུ་སླེབས་པ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་རེད། ”དེ་ནི་མིག་སྔའི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དུས་རབས་ཀྱི་བརྗོད་གཞི་ཞིག་ཀྱང་ཡིན།

དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ལེགས་པོ་བྱ་དགོས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་ཐུབ་ལ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཀྱང་བྱེད་ཐུབ། མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་བསྐང་དགོས།

དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་བའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མ་དངུལ་སྣ་ཚོགས་གཅིག་གྱུར་སྒོས་གནད་འཁེལ་དབུལ་སྐྱོར་ཐད་བཀོལ་ཏེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱེད་པ། མིའི་འཚོ་སྡོད་ཁོར་ཡུག་དང་ཞིང་སྡེའི་སྤྱི་པའི་ཞབས་ཞུ་ལེགས་བཅོས་བྱས་ཤིང་། ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་སྡེ་བ་དབུལ་པོ16དུས་བཅད་ལྟར་སྡེ་བ་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་ཏེ། ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

ཞིང་སྡེ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཞིང་སྡེ་དར་རྒྱས་གཏོང་བའི་གོམ་སྟབས་དང་པོ་ཡིན། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་ཞིང་ལས་སྟོབས་ལྡན་དང་། ཞིང་སྡེ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་དང་།  ཤུགས་ཆེན་པོས་མཁར་གྲོང་འཕེལ་རྒྱས་དོ་མི་མཉམ་པ་དང་མཐུན་སྦྱོར་མིན་པའི་གནད་དོན་ཐག་གཅོད་བྱས།

ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་དང་འཚམ་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་”ལ་དམིགས་ཏེ། རོགས་སྐྱོར་བྱེད་ཐབས་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས། དབུལ་ཐར་གྱི་ཡུན་ཕན་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་གཅིག་ཀྱང་མི་ལུས་པ་དང་མཉམ་དུ་ཕྱུག་འགྱུར་ཡོང་བའི་ལམ་བུའི་ཐོག་གཅིག་ཀྱང་ལུས་མི་རུང་བ་ཁག་ཐེག་བྱས།

དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས།  སྡེ་བ་རིམ་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་མུ་མཐུད་དུ་ཁ་གསབ་བྱེད་པར་དམ་པོར་དམིགས་ཏེ། ལས་རིགས་དང་སྡེ་ཁག་སོ་སོས་ལས་རིགས་ཀྱི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། སྲིད་འཛིན་སྡེ་བ་སོ་སོར་གཞུང་ལམ་ཤར་གཏོང་དང་། གློག་དྲ་རིམ་སྤོར་སྒྱུར་བཀོད། འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས།

དབུལ་ཐར་མཁྲེགས་གཏོར་དང་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་པ་ཟུང་འབྲེལ་བྱས་ཏེ། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དར་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས། སློབ་གསོ་དང་། འཕྲོད་བསྟེན། རིག་གནས། ལུས་རྩལ། རྒན་གསོ་སོགས་སྤྱི་པའི་ཐོན་ཁུངས་སྤུས་ལེགས་ཞིང་སྡེར་ཕྱོགས་པར་སྐུལ་འདེད་བཏང་། འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མཁར་གྲོང་གཞི་གཅིག་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་།

ཞིང་སྡེ་དར་རྒྱས་དང་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ཟུང་འབྲེལ་བྱས་ཏེ།  ཧུར་ཐག་གིས་ཐོན་ལས་མཉམ་འདྲེས་བྱེད་སྟངས་མི་འདྲ་བ་འཚོལ་ཞིབ་བྱས་ནས། ཤུགས་ཆེན་པོས་ཁྱད་ལྡན་ཞིང་ཕྱུགས་ལས་དང་། སྤྲོ་གསེང་ཞིང་ཕྱུགས་ལས། ལྟ་སྐོར་ཞིང་ཕྱུགས་ལས། གསར་གཏོད་ཞིང་ཕྱུགས་ལས་བཅས་འཕེལ་རྒྱས་སུ་བཏང་བ་དང་། རོང་འབྲོག་ཁུལ་གྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན།

དོན་དངོས་ལས་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པའི་དུས་རིམ་དུ། དབུལ་ཐར་མཁྲེགས་གཏོར་ནི་ཞིང་སྡེ་དར་རྒྱས་གཏོང་བའི་སྒུལ་ཤུགས་ཤིག་ཡིན་པས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་དགོས་ལ། འཕེལ་རྒྱས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་བལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཀྱང་བྱ་དགོས། དེ་ལྟར་བྱས་ཚེ་ད་གཟོད་ཞིང་སྡེ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་འགྱུར་བྱེད་ཐུབ། དེ་ནི་ཞིང་སྡེ་དར་རྒྱས་གཏོང་བའི་ཡུན་རིང་རང་བཞིན་གྱི་འཐབ་ཇུས་ལྡན་པའི་ལས་འགན་ཞིག་ཡིན་པས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས་པ་ར་སྤྲོད་བྱུང་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།