འབྱོར་འབྲིང་ལམ་གྱི་ཉམས་དགའ་བའི་རྣམ་པ།
2020.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁོངས་སུ་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡོད། 2017ལོར་ཤིན་ཏུ་དབུལ་བའི་ཡུལ་ཚོ་དང་གྲོང་རྡལ40གནད་འཁེལ་དབྱེ་འབྱེད་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི31%ཟིན་ལ། ཤིན་ཏུ་དབུལ་བའི་སྡེ་བ104ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་10.7%ཟིན་ཡོད། ཡུས་ཧྲུའུ་ཁུལ་ལ་མཚོན་ན་ཐོན་ལས་འཕེལ་རྒྱས་གཏོང་དཀའ་བ་དང་། སྒྲིག་བཀོད་ཆ་ཚང་མིན་པ། དོ་སྙོམས་འཕེལ་རྒྱས་གཏོང་དཀའ་བ་སོགས་ཀྱི་གནད་དོན་གཅིག་དུ་འདུས་ཡོད་པས།  དབུལ་པོ་འབྱུང་ཚད་མཐོ་ཞིང་གཏིང་ཟབ་པ་དང་།  དབུལ་ཐར་གྱི་དཀའ་ཁག་ཆེ་བ་བཅས་ཀྱི་ས་ཁུལ་ཞིག་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཀྱང་རེད། དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པའི་ཚུན་ལ། ཡུས་ཧྲུའུ་ཁུལ་གྱིས་ཐོན་ལས་དང་། སྐྱེ་ཁམས། སློབ་གསོ། སྡོད་ཁང་། བདེ་ཐང་། ལས་ཞུགས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཁྱིམ་ཚང་ལ་ཐོན་ལས་རོགས་སྐྱོར་དང་། ཐོན་ལས་གླིང་ཁུལ་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར། རྩལ་ནུས་གསོ་སྦྱོང་སོགས་བྱས་ཏེ། སྔ་རྗེས་སུ་ཤིན་ཏུ་དབུལ་བའི་ཞང་གྲོང་གི་དབུལ་ཞྭ་ཕུད་པ་དང་ཤིན་ཏུ་དབུལ་བའི་སྡེ་བ་དབུལ་ཕོངས་ལས་ཐར་ཡོད། མི་གྲངས་དབུལ་པོ་འབུམ་གཅིག་ཁྲི་གཉིས་སྟོང་དགུ་དབུལ་ཕོངས་ལས་ཐར་ནས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འགྲོ་ལམ་ཆེན་པོའི་སྟེང་བསྐྱོད་ཡོད།

ཐོན་ལས་དབུལ་སྐྱོར་ནི་གནད་འཁེལ་དབུལ་སྐྱོར་གྱི་ཡུན་ཕན་ལམ་བུ་ཞིག་ཡིན།

ཡུས་ཧྲུའུ་གྲོང་ཁྱེར་ནོར་བུ་གླིང་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟིའི་འཁོར་ཁང་དུ་འཚེམ་འཁོར་གྱི་སྒྲ་བར་མེད་དུ་གྲག་ཅིང་ཁབ་སྐུད་གཤར་ཤུལ་རེ་རེ་ནས་བཟོ་ཆ་ལེགས་པའི་ལྭ་བ་རེ་རེ་བཟོས་རྗེས་ཐུམ་སྒྲིལ་བྱེད་བཞིན་འདུག ཐོན་རྫས་འགྲེམ་སྟོན་ཁང་དུ་གྲལ་དག་པའི་ངང་ནས་མདོག་སྣ་ཚོགས་ཀྱི་ལྭ་བ་རེ་རེ་བཀལ་ཡོད་པས།  ངོ་མཚར་ཞིང་ཚོན་རིས་འདྲ་མིན་སྣ་ཚོགས་ཀྱིས་སྲོལ་རྒྱུན་གྱི་ལྭ་བ་ལ་དེང་རབས་ཀྱི་ཆ་ཤིག་བསྣན་འདུག

ཡུས་ཧྲུའུ་གྲོང་ཁྱེར་ནོར་བུ་གླིང་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟི་ནི་ཡུས་ཧྲུའུ་པ་དཔལ་ལྡན་འཇམ་དབྱངས་ཀྱིས་རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་བསྐྱངས་ཡོང་བའི་ཁེ་ལས་ཤིག་ཡིན་ལ། ལོ་འདི་དག་གི་རིང་སྲིད་གཞུང་གི་རོགས་རམ་འོག  ཀུང་ཟི་ཡུས་ཧྲུའུ་ཁུལ་གྱི་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་དུ་སྤར་བ་རེད། མི་རིགས་གྱོན་ཆས་དང་མི་རིགས་མཁོ་ཆས་ལས་སྣོན་ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་རྫས་དག་མཚོ་སྔོན་དང་བོད་ལྗོངས། ཟི་ཁྲོན་སོགས་ས་ཁུལ་དུ་ཕྱིར་འཚོང་བྱེད་བཞིན་ཡོད་ལ། ད་དུང་རྒྱང་ཐག་རིང་བོའི་བལ་བོར་ཡང་འཚོང་བཞིན་ཡོད་པས།  རིམ་བཞིན་ཡུས་ཧྲུའུ་ཁུལ་གྱི་མི་རིགས་གྱོན་ཆས་ཀྱི་སྣེ་ཁྲིད་ཁེ་ལས་སུ་འཕེལ་རྒྱས་བྱུང་བར་མ་ཟད། མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་གྲགས་ཅན50ཡི་གྲས་སུ་ཡང་བདམས། དཔལ་ལྡན་འཇམ་དབྱངས་ཀྱིས་ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ནམ་ཡང་སེམས་ལ་དམ་པོར་བཅངས་ནས། ཀུང་ཟིས་དབུལ་ཕོངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱས་ཡོད། རྩལ་ནུས་གསོ་སྦྱོང་དང་སྤོ་བསྒྱུར་ལས་ཞུགས་བརྒྱུད་ནས་ཉེ་འཁོར་ས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང1200ལྷག་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་གོམ་པ་སྤོས་ཡོད། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང813ཡོད་ལ། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི3ལྷག་ཏུ་བསླེབས་ཡོད།

དེ་ནི་ཡུས་ཧྲུའུ་ཁུལ་གྱི་ཐོན་ལས་དབུལ་སྐྱོར་བྱ་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན་ལ། ཐོན་ལས་དབུལ་སྐྱོར་ལས་གཞི་དེ་ཡུས་ཧྲུའུ་ཡི་ཡུལ་གྲུ་ཀུན་ཏུ་ལང་ལོང་སྒོས་སྤེལ་བཞིན་ཡོད།

ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་རྐང་བཙུགས་ཏེ་ཡུས་ཧྲུའུ་ཁུལ་གྱིས་ཡུལ་བབ་དང་བསྟུན་པ་དང་།  རིགས་བཀར་ནས་མཛུབ་སྟོན་བྱེད་པ། དཔེ་དབྱིབས་སྣ་མང་ལ་བརྟེན་ནས་ སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཆུ་དམར་ལེབ་རྫོང་གིས་ཡུལ་གཞན་དུ་གནས་སྤོར་དང་ཐོན་ལས་ཁྱིམ་ཚང་དུ་སྤེལ་བའི་རྣམ་པ་བརྒྱུད་དེ།  རང་བྱུང་སྡེ་བ65ཡིས་གྲུབ་པའི་བོད་ལུག་གསོ་སྤེལ་མཉམ་ལས་ཁང་སྒྲིག་འཛུགས་བྱས་ཤིང་། འཁོར་སྐྱོད་རྩྭ་ས་སྤྱི་ཆིངས་ཁྲི་གསུམ་སྟོང་དགུ་ཡོད། ཁྲི་འདུ་རྫོང་བ་ཡན་ཧ་རིའི་བཏུང་བྱའི་གསར་སྤེལ་ཚད་ཡོད་ཀུང་ཟི་ཡིས་རྟེན་གཞི་དང་ཁེ་ལས། འབྲོག་ཁྱིམ་བཅས་ཀྱི་རྣམ་པ་སྤྱད་དེ། རྩྭ་ས་སྤྱི་ཆིངས33ལ་ཉུང་མ་འདེབས་འཛུགས་བྱས་ཤིང་། ཀུང་ཟིས་སྤྱི་རྒྱ་རེར་སྒོར2གྱི་རིན་གོང་ལྟར་ཉོ་བསྡུ་བྱས་ནས། རོང་འབྲོག་མང་ཚོགས་ལ་མུའུ་རེར་སྒོར་སྟོང་གཉིས་ཀྱི་ཡོང་འབབ་ཐོབ།    ཐོན་ལས་དབུལ་སྐྱོར་མཉམ་བསྲེས་འཕེལ་རྒྱས་སུ་བཏང་ནས་འཕེལ་རྒྱས་ཀྱི་ཕན་འབྲས་འཕར་སྣོན་དང་སྡེ་བའི་ཐུན་མོང་ཡོང་འབབ་དང་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་བྱུང་ནས།  མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱུང་།

དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་ཚུན་ལ། ཡུས་ཧྲུའུ་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་བདུན་ས་ཡ་བདུན་བཏང་ཏེ། དབུལ་ཕོངས་ཁྱིམ་ཚང་ཁྲི་གཉིས་སྟོང་བཞི་ཡི་མི་གྲངས་ཁྲི་དགུ་སྟོང་གཅིག་ལ་རོགས་སྐྱོར་བྱས་ཡོད།    ལས་གཞི་དེའི་ནང་འདེབས་འཛུགས་གསོ་སྤེལ་དང་། ཚོང་ལས་བོགས་གཏོང་།  སྐྱེ་ཁམས་ཕྱུགས་ལས་ཐོན་རྫས་གསར་སྤེལ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། ཡུལ་སྐོར་དབུལ་སྐྱོར་སོགས་ཚུད་ཡོད། ཁྱིམ་ཚང་དབུལ་པོའི་ཡོང་འབབ་འཕར་བ་དང་སྡེ་བ་དབུལ་པོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ། རྫོང་རིམ་པའི་ཐོན་ལས་གླིང་ཁུལ་གྱིས་ལས་ཞུགས་འབབ་འཕར་ལ་མངོན་གསལ་སྒོས་སྐུལ་ཁྲིད་བྱས་ཤིང་། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གཞི་རྩའི་ཆ་ནས་ཚད་གཞིར་སླེབས་པ། འབྲོག་ཁུལ་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

བཀྲ་ཤིས་རིན་རྒྱལ་ནི་འབྲི་སྟོད་རྫོང་བྲག་ཆུ་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་ལ།   སྔོན་ཆད་ཁྱིམ་དུ་ནོར་གསུམ་བཞི་ལས་མེད་པས་འཚོ་བར་དཀའ་ཁག་ཆེ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་འཛུགས་སྐྲུན་བྱས་པ་ནས་བཟུང་། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དེ་སྐྱེ་ཁམས་ལྟ་སྲུང་པར་བདམས་ནས་ལོ་རེར་སྒོར་ཁྲི་གཉིས་ཀྱི་ཡོང་འབབ་རག་པས།  ཁོ་ཚང་གི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་སོང་། ཁོས་ནམ་ཡང་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་ལ་དམ་པོར་བཅངས་ཏེ།   ཉིན་རེའི་ཞོགས་པར་འགྱིག་ཁུག་ཁྱེར་ནས་གད་སྙིགས་སྒྲུག་བཞིན་དྭངས་གཙང་གི་ཁྱིམ་གཞིས་འདི་སྲུང་སྐྱོབ་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འདོན་བཞིན་ཡོད།

འབྲི་སྟོད་རྫོང་དུ“དམངས་དམག”སྐྱེ་ཁམས་ལྟ་སྲུང་གི་རྣམ་པ་འཕེལ་རྒྱས་བྱུང་ཡོད། “སྐྱེ་ཁམས་དམངས་དམག”ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གདོང་ལེན་རུ་ཁག་ཡིན་པ་མ་ཟད། འཕྲལ་བསྟུན་ཐག་གཅོད་ཀྱི་རྗེས་གྲབས་སྟོབས་ཤུགས་ཀྱང་ཡིན་པས།  སྣེ་ཁྲིད་དེ་རྩལ་ནུས་དབུལ་ཐར་དང་ཐོན་ལས་ཕྱུག་འགྱུར་གྱི་མདུན་གྲལ་དུ་བསྐྱོད་དེ་མང་ཚོགས་དབུལ་པོ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་མིག་དཔེར་གྱུར་ཡོད། 2018ལོར། འབྲི་སྟོད་རྫོང་གིས་སྐྱེ་ཁམས་དམངས་དམག་ལ་བྱེས་བགྲོད་འཕྲུལ་རྟ135བྱིན་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན།

རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ་དང་།  རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།

ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་སྤྱི་ཕན་ལས་རྐང་གི“ཁྱིམ་ཚང་རེར་ལས་རྐང་རེའི”དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ནས་མང་ཚོགས་སྔར་ལས་མང་པོ་ཞིག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ བཅོས་སྒྱུར་ཁྲོད་ནས་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་མངོན་འགྱུར་བྱུང་།

དུས་མཚུངས་སུ་སྐྱེ་ཁམས་ལྟ་སྲུང་པའི་ལས་སྒོའི་གསོ་སྦྱོང་རྒྱུན་མཐུད་ངང་སྤེལ་ཏེ། འབྲོག་པས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་། ཁོར་ཡུག་སློབ་གསོ། སྐྱེ་ཁམས་སྲུང་སྐྱོབ།  སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་པར་སྐུལ་ལྕག་དང་རོགས་སྐྱོར་བྱས་ཏེ། ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་ཁྲོད་ནས་ཡུན་རིང་བརྟན་འཇགས་ཀྱི་ཁེ་ཕན་ཐོབ་པར་བྱས།  ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་དབུལ་སྐྱོར་ཐད་རིམ་བསགས་ཀྱིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་གླ་ཕོགས་སྒོར་དུང་ཕྱུར་གཅིག་བྱེ་བ་དྲུག་ས་ཡ་ལྔ་བཏང་ཞིང་། མི་རེར་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར1800ཟིན་པ་དང་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་འཕར་ནས། མི་གྲངས་དབུལ་པོར་སྐྱེ་ཁམས་ འཛུགས་སྐྲུན་དང་སླར་གསོའི་ཁྲོད་ནས་ཁེ་ཕན་སྔར་ལས་མང་པོ་ཐོབ་ཡོད།

རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱེད་པའི་ཁྲོད་ནས་ཕན་འབྲས་མང་པོ་ཐོབ་པའི་དབུལ་ཕོངས་མང་ཚོགས་ཀྱིས་སྔར་ལས་ཧུར་བརྩོན་དང་རང་འགུལ་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་ཏེ། མང་ཚོགས་ཀྱི་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་དུས་མཉམ་དུ་ཇེ་བཟང་དུ་འགྲོ་བཞིན་ཡོད།

ད་ལོ་ལོ་བཅུ་དགུ་ཡིན་པའི་རྡོ་རྗེ་ཆོས་སྒྲོན་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་བརྡ་མང་སྡེ་བ་ནས་ཡིན་ཞིང་།  ཁོ་མོ་ད་ལོར་ཡུས་ཧྲུའུ་ཁུལ་གྱི་དབྱིན་ཡིག་རྩིས་ཚན་གྱི་རྒྱུགས་འབྲས་ལེགས་པོ་བཅུའི་ཁྲོད་དུ་ཚུད་ནས་པེ་ཅིན་ནགས་ལས་སློབ་ཆེན་གྱི་བཅའ་ཁྲིམས་ཆེད་ལས་ ལ་རྒྱུགས་འཕྲོད་པ་རེད།

རྡོ་རྗེ་ཆོས་སྒྲོན་ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཞིག་གི་བྱིས་པ་ཡིན་ལ། དཔལ་འབྱོར་ཐད་དཀའ་ཁག་ཆེ་བའི་དབང་གིས་ཁོ་མོའི་སློབ་ཡོན་སྤྲོད་མི་ཐུབ་ཀྱང་ལོ་དྲུག་གི་རིང་དེའི་ཐད་ལ་སེམས་ཁྲལ་བྱེད་མ་མྱོང་། མཐོ་འབྲིང་འགྲིམ་སྐབས། རྡོ་རྗེ་ཆོས་སྒྲོན་གྱི་ལོ་གཅིག་གི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་ལ་སྒོར་ཁྲི་གཉིས་དང་སྟོང་ལྔ་དགོས་པ་དང་།   དེའི་ནང་གི་སྒོར་ཁྲི་གཉིས་ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་འགན་འཁུར་གྱིན་ཡོད་ལ། ཁྱིམ་ཚང་གིས་སྒོར་སྟོང་ལྔ་ཙམ་ལས་སྤྲོད་མི་དགོས་པ་རེད། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་བོའི་འོག  ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལ་སྒོར་སྟོང་ལྔ་ཕྱིར་སྟེར་གྱིན་ཡོད་པ་མ་ཟད། ད་དུང་གཅེས་སེམས་མི་སྣ་མང་པོས་རྡོ་རྗེ་ཆོས་སྒྲོན་ལ་རོགས་རམ་བྱས་པས།  ཁྱིམ་ཚང་ལ་ཁག་ཁུར་མེད་པར་སློབ་གསོ་ཡག་པོ་དེ་འདྲ་ཐོབ་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད། ཁོ་མོས་བརྩེ་སེམས་ལྡན་པའི་སྒོ་ནས་གསར་འགོད་པར་བཤད་རྒྱུར། “ས་གཞན་དུ་སློབ་གཉེར་བྱེད་པ་དེས་ང་ཚོའི་ཆེད་དུ་སྒོར་མོ་མང་པོ་བརླག་སོང་། སློབ་ཡོན་ལས་གཞན་ད་དུང་དབྱར་དགུན་གནང་གི་སྐབས་དང་སློབ་མགོ་ཚུགས་ཐེངས་རེར།  ས་གནས་ལས་བྱེད་མི་སྣས་སེམས་ཤུགས་དང་སྒོར་མོ་བཀོལ་ནས་ང་ཚོར་བསུ་སྐྱེལ་བྱས་ཤིང་། རིམས་ནད་སྐབས་སུ་ཁུལ་སློབ་གསོ་ཅུའུ་ཡིས་ང་ཚོ་ཟི་ལིང་ཞའོ་ཏོ་རྟེན་གཞིར་མངག་ནས་སློབ་ཁྲིད་སླར་གསོ་བྱས་པར་མ་ཟད།  སྒོར་མོ་བཀོལ་ནས་དགེ་རྒན་ལ་སློབ་ཁྲིད་བྱེད་དུ་བཅུག་པ་རེད་ཟེར།

“ ཡོད་ཚད་སློབ་གསོ་ལ་རག་ལས་པ་དང་རྩ་བ་ཡང་སློབ་གསོར་རག་ལས་པས། ” ཡུལ་གཞན་དུ་སློབ་གྲྭ་གཉེར་བ་དེ་ཡུས་ཧྲུའུ་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་གྱི་གཞི་རྩར་གྱུར་ཡོད། 2017ལོ་ནས་བཟུང་བསྟུད་མར་ལོ་གསུམ་ལ་གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་མཐོ་འབྲིང་སློབ་མའི་སློབ་མ་རེར་ལོ་རེར་ཁ་གསབ་སྒོར5000བྱིན་པ་དང་། རིམ་རྩིས་བརྒྱབ་ན་སྒོར་བྱེ་བ་གཅིག་ས་ཡ་བཞི་འབུམ་གཅིག་ཁྲི་བཞི་བཏང་ནས་ཡུལ་གཞན་དུ་སློབ་སྦྱོང་བྱེད་པར་སློབ་ཡོན་མི་དགོས་པ་མངོན་འགྱུར་བྱས།  མིག་སྔར་ཡུས་ཧྲུའུ་ཡི་ཡུལ་གཞན་གྱི་མཐོ་འབྲིང་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་སྦྱོང་བྱེད་པའི་སློབ་མའི་ཁྲོད་ཀྱི90%ཡན་རོང་འབྲོག་ཁུལ་གྱི་བྱིས་པ་ཡིན་ ལ། སྲིད་གཞུང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་དོན་འཁྱོལ་བྱས་ཡོད། དབུལ་ཕོངས་དེ་མི་རབས་ནས་མི་རབས་བར་བརྒྱུད་པ་བཀག་འགོག་བྱ་རྒྱུ་རྩ་བར་བཟུང་སྟེ་ཡུས་ཧྲུའུ་ཁུལ་གྱིས་སློབ་གསོར་བརྟེན་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འཕེལ་རྒྱས་དམིགས་འབེན་བརྟན་སྲུང་བྱས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།