སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
2021.01.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

 མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

གྲོལ་མ་ཐག་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།  རྗེས་མའི་ལོ་ལྔའི་རིང་དང2035ལོའི་བར་གྱི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་རེད། ཉིནའདི་འགར་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གྲོས་སྡུར་བྱེད་སྐབས་ལང་ལོང་གིས་བསྟན་དོན། ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ལྟར།  ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་ངང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་སྤོས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ཀྱི་འགོ་ཡག་པོ་རྩོམ་པར་ཁག་ཐེག་བྱ་དགོས།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས།

“སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་རྒྱུན་འཁྱོངས་བྱ་རྒྱུ་དེ་གདམ་གསེས་ཨང་དང་པོར་བརྩིས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་བསྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བ་ངོས་འཛིན་ཡག་པོ་བྱ་དགོས”ཞེས་སྐྱེ་ཁམས་ཀྱི་དོན་སྙིང་གལ་ཆེན་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ གྱི་ལས་བྱེད་པ་དང་མང་ཚོགས་ལ་མྱོང་ཚོར་ཟབ་མོ་ཡོད།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་རྩ་འཛུགས་མི་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝང་ཧྲིན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལས་འགན་གསར་པ་སྤྲད་པ་དང་།འཆར་གཞི་གསར་པ་བཀོད་པ། གནས་ཚད་གསར་པ་གཏན་འཁེལ་བྱས་པ། ཁ་ཕྱོགས་གསར་པ་གསལ་སྟོན་བྱས་ཡོད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་ཞིག་ནས། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།  སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ།“མཐོ་ས་གསར་བ་བདུན”གཏོད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ་འབད་འཐབ་ལྷོད་མེད་སྒོས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ་སྟོབས་ལྡན་གྱི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱ་དགོས།

ཚང་འཛོམས་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་པས་མཚོ་སྔོན་ཀྱི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གྲགས་འགུལ་ཆེན་པོ་བྱུང་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་སྐལ་བཟང་ཡེ་ཤེས་ལ་བག་ཆགས་ཟབ་ཤོས་ཀྱི་སྐད་ཆ་ཞིག་ཡོད་པ་ནི“‘སའི་གོ་ལའི་མཐའ་སྣེ་གསུམ་པ’སྲུང་སྐྱོབ་བྱ་རྒྱུ་དེ་འགན་འཁྲི་ཆེན་པོར་བརྩི་དགོས”ཞེས་པ་དེ་རེད། སྐལ་བཟང་ཡེ་ཤེས་ཀྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་མཁན་དང་བདེན་དཔང་པ་ཞིག་ཡིན་པའི་ངོས་ནས་ང་ལ་སྤོབས་སེམས་ཆེན་པོ་སྐྱེས་ལ།  འབྱུང་འགྱུར་ངས་ཆོད་སེམས་བརྟན་པོ་བཅངས་ནས་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུས་སྔོ་ལྗང་གི་རི་ཆུ་མུ་མཐུད་དུ་སྲུང་སྐྱོབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་དེ་ལྟར་བཤད་བྱུང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འཆར་འགོད་ནོར་དོན་ཁྲུའི་ཁྲུའུ་ཀྲང་ཀྲའོ་ཧའེ་ཞ་ཡིས་བཤད་རྒྱུར། “རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཐད་ཀར་ཞུགས་པའི་ལས་བྱེད་མི་སྣ་ཞིག་ཡིན་པའི་ངོས་ནས་ང་ལ་སྤོབས་པས་ཁེངས་ལ་འགན་འཁྲི་ཆེ་བའང་ཚོར་བྱུང་། ང་ཚོས་རང་ངོས་ཀྱི་ལས་དོན་ལ་གཞི་ཚུགས་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’འཆར་འགོད་ནན་ཏན་ངང་བཟོ་བ་དང་། ཟུང་འབྲེལ་དམ་ཟབ་བྱེད་པ། གོང་འོག་སྦྲེལ་མཐུད་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་འཆར་འགོད་ལྔ་དང‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’འཆར་འགོད་མ་ལག་མཉམ་འདྲེས་འབྲེལ་མཐུད་ལེགས་པོ་ཡོང་བ་བཅས་བྱས་ནས་ལས་དོན་ཁག་གི་འགོ་ཡག་པོ་རྩོམ་པ་དང་ལས་འགོ་ཡག་པོ་རྩོམ་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན”ཟེར།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་དེང་རབས་ཀྱི་ཐོན་ལས་གནས་སྟངས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འདྲེས་པར་བྱ་དགོས།

“ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་པ་དེས། ང་ཚོར་སླད་ཕྱིན་གྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་ང་ཚོའི་འགན་འཁྲི་ལྕི་བའང་ཚོར་བྱུང”། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་འཕེལ་རྒྱས་འཆར་འགོད་ཁྲུའི་ཁྲུའུ་ཀྲང་ཀྲང་ཁི་ཞུང་གིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་བླང་བྱར་དམིགས་ནས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་དམ་འཛིན་བྱེད་པ་དང་།  སྐྱེ་ཁམས་ཞིང་ཕྱུགས་ལས་ལྗང་མདོག་དང་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་སྔར་བས་ཇེ་མགྱོགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཞིང་སྡེ་དར་སྤེལ་གཏོང་བའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཐོ་སྒང་དུ་དེ་བས་ངོ་མཚར་ཆེ་བའི་ཞིང་གསུམ་གྱི་ལེའུ་གསར་བ་རྩོམ་དགོས།

ཞིང་ཆེན་བཟོ་ལས་ཆ་འཕྲིན་ཅན་ཐིན་དཔལ་འབྱོར་འཁོར་སྐྱོད་ཅུས་ཀྱི་ཅུས་ཀྲང་ཏན་མེན་ཀང་གིས་བཤད་རྒྱུར། “ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ནི‘ལོ་ལྔའི་འཆར་འཞི་བཅུ་གསུམ་པ’ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང‘ལོ་ལྔའི་འཆར་འགོད་བཅུ་བཞི་པ’འགོ་རྩོམ་པའི་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། རང་ངོས་ཀྱི་ལས་དོན་ལ་གཞི་ཚུགས་པ་དང་སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས། རང་འགུལ་ངང་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་གནས་བབ་གསར་པ་དང་འཚམ་པ་བྱེད་པ་དང་། ‘འགན་སྲུང་དྲུག’ལ་བརྟེན་ནས་‘བརྟན་བརླིང་དྲུག’ལ་སྐུལ་འདེད་གཏོང་བའི’བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་བཟོ་ལས་འཁོར་སྐྱོད་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན”ཟེར།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་ཝུའེ་ཏུང་གིས་བཤད་རྒྱུར། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་ནས།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ།  འཕེལ་རྒྱས་དང་བཅོས་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་ནས་དུས་སྐབས་གསར་བ་དང་དུས་མཚམས་གསར་པའི་ནང་གནས་བབ་གསར་པ་གསར་གཏོད་བྱེད་པར་བྱས་རྗེས་འཇོག་དགོས།

དམངས་ཚིས་འགན་སྲུང་བྱེད་ཤུགས་སྔར་ལས་ཇེ་མཐོར་བཏང་ཏེ་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པར་འབད་བརྩོན་བྱ་དགོས།

མཚོ་སྔོན་གྱི་འཕེལ་རྒྱས་འཆར་འགོད་ཅིག་གིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྙེག་དང་འབྲེལ་མཐུད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། དམངས་ཚིས་ཞན་ཆ་གསབ་པ། དམངས་ཚིས་དཀའ་གནད་སེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་གཏོང་དགོས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་རྒན་གསོ་ཉེན་ཚབ་ཁྲུའི་ཁྲུའུ་ཀྲང་ཁྲིན་ཅུན་ཞ་ཡིས་བཤད་རྒྱུར།  “ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱ་བ་དངོས་ཀྱི་ཁྲོད་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ནས་བཏོན་པའི་རྒྱུན་མཐུད་ངང་ལས་ཞུགས་དང་རྒན་གསོ་སོགས་དམངས་ཚིས་དོན་དངོས་ཡག་པོ་བསྒྲུབ་རྒྱུའི་འབྲེལ་ཡོད་བླང་བྱར་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་ཉེན་ཚབ་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཐེབས་རྩའི་གཏོང་ཡོང་ལ་དོ་དམ་ནན་མོ་བྱས་ནས་འགན་འཁྲི་ཁག་བགོས་ཀྱི་རྐྱེན་སྲོལ་དང་སྐུལ་ལྕག་གཅུན་འདོམས་རྐྱེན་སྲོལ་བཙུགས་ཏེ། སྤྱི་ཚོགས་ཉེན་ཚབ་འགྲོ་གྲོན་ཇེ་དམའ་རུ་གཏོང་བའི་ལས་དོན་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་གཞི་རྩའི་རྒན་གསོའི་མ་དངུལ་དུས་ཐོག་ཏུ་སྤྲོད་རྒྱུ་འགན་ལེན་བྱས་ཏེ་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་དབུལ་སྐྱོར་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས” ཟེར།

ཚང་འཛོམས་གྲོས་ཚོགས་ཀྱི་གནས་ཚུལ་ལ་ལྟ་སྐབས།  ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཚའེ་ཅ་པའོ་ཡུལ་ཚོ་ལིག་ལིས་ཧྲན་སྡེ་བའི་ཧྲུའུ་ཅི་དང་པོ་ཁྲིན་ཕེན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཚང་འཛོམས་གྲོས་ཚོགས་ནས2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཏོན་པ་དང་། དེའི་ནང་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་དང་། མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ།  མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་བཅས་ལ་སྔར་ལས་མངོན་གསལ་དོད་པའི་དོན་དངོས་རང་བཞིན་གྱི་གྲུབ་འབྲས་ལེན་པ་འདུས་ཡོད།   ང་ཚོས་ཏང་གི་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཞན་ཆ་གསབ་པ་དང་། ཉམས་ཞན་ལ་ཤུགས་སྣོན་རྒྱག་པ། ལས་དོན་ཏན་ཏིག་གིས་སྒྲུབ་པ་བཅས་བྱས་ནས‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’སྐབས་སུ་ཏང་དང་མི་དམངས་ལ་རྒྱུགས་ཤོག་ཡག་པོ་ཞིག་འབུལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན”ཞེས་དེ་ལྟར་བཤད་བྱུང་།

འཕེལ་རྒྱས་གཏོང་རྒྱུ་ནི་རྫོགས་མཐའ་བྲལ་ཞིང་འབད་འཐབ་བྱེད་རྒྱུའང་ནམ་ཡང་རྫོགས་མཐའ་མེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཝ་ཅ་སྡེ་བའི་སྡེ་མི་ཞིས་ཏེ་ཧྥུན་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། ཉིན་ཤས་གོང་ཁོ་ལ་ཕག་གསོ་བའི་ཡོང་འབབ་སྒོར་3000ཐོབ་པ་དང་།  རྩྭ་ཕག་གི“ཕྱུག་འགྱུར་ལམ་བུ”ཞིག་བཏོད་པས་ཞིས་ཏེ་ཧྥུན་ཚང་གི་འཚོ་བ་སྔར་ལས་ཇེ་བཟང་དུ་སོང་ཡོད།  “སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ད་ལྟ་ངེད་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཚང་འཛོམས་གྲོས་ཚོགས་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལམ་ཕྱོགས་གཏན་འཁེལ་བྱས་ཡོད་པས། ངས་ཀྱང་ཧུར་ཐག་གིས་ལས་ཀ་བྱས་ནས་མ་རྐང་འཇོག་མཁན་གྱི་རྣམ་པ་འདི་བརྒྱུད་ནས་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན”ཞེས་དེ་ལྟར་བཤད་བྱུང་།

ལོ་ཙཱ།སྒྲོལ་མ་སྐྱིད།