སྡེ་སྨན་སྡེ་བའི་བདེ་སྐྱིད་འཚོ་བའི་ལམ་བུ།
2021.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

 སྡེ་སྨན་སྡེ་བ་ནི་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཡུལ་ཚོའི་རི་མགོར་ཆགས་ཡོད་པའི་སྡེ་བ་ཞིག་ཡིན། སྔོན་ཆད་ཀྱི་སྡེ་སྨན་སྡེ་བ་ནི་ཐོན་ལས་སྒྲིག་གཞི་སྡེབ་སྒྲིག་གི་ཐད་ནས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་སྡེ་བའི་དཔལ་འབྱོར་གྱི་ཡོང་སྒོ་དེ་གཅིག་རྐྱང་ཡིན་པ། འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱིས་སྡེ་བ་དེའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད། ལོ་འགའི་ཡར་སྔོན་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་སྣེ་ཁྲིད་འོག ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ལག་བསྟར་བྱས་པ་དེས་སྡེ་བའི་ཐུན་མོང་གི་འཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཞིང་བའི་ཡོང་སྒོ་འཕར་སྣོན་ཐད་སྐུལ་འདེད་བཏང་བ། ཞིང་སྡེ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་བདེ་སྐྱིད་ཀྱི་ལམ་བུ་ཞིག་བསྐྲུན།

སྔོན་ཆད་སྡེ་མི་རྣམས་ལ་ཐུན་མོང་དང་ཆེ་ཕྱོགས་ཀྱི་འདུ་ཤེས་ཞན་པ་དང་། ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས་ཞན་པ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་ནུས་པ་ཞན་པ་སོགས་ཀྱི་སྐོར་ནས་སྔོན་ཆད་ཀྱི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཟུངས་འབུམ་བྱམས་ཀྱིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

སྡེ་དམངས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བསམ་ན་ཐོག་མར་ཏང་གི་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་དགོས། སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོད་བརྒལ་བྱེད་པའི་བཟོ་སྐྲུན་ནས་མགོ་བརྩམས་ཏེ། ཐེངས་མང་པོར་ཏང་ཡོན་གྱི་ཚོགས་འདུ་བསྡུས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ།  འབད་བརྩོན་སྒོས་སྡེ་བའི་ནང་གི་བེད་མེད་ཐོན་ཁུངས་རིགས་གསལ་རྟོགས་དང་ཐོན་ལས་ཀྱི་འཕེལ་རྒྱས་མདུན་ལྗོངས་ལ་དབྱེ་ཞིབ་བྱས་ནས།  ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པ་བཅས་ཀྱིས་སྡེ་བའི་ཐུན་མོང་གི་ཡོང་འབབ་མཐོར་འདེགས་བྱས།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་མཐུན་སྦྱོར་འོག སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཟུངས་འབུམ་བྱམས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མགོན་པོ་ཚེ་བརྟན་གཉིས་ཀྱིས་འབད་བརྩོན་ཆེན་པོས་བརྩོན་ལེན་བྱས་ཏེ། སྒོར་མོ་ཁྲི་ལྔ་ཡི་ཐོན་ལས་མ་དངུལ་གྱིས་སྣུམ་བཙགས་འཕྲུལ་ཆས་ཤིག་ཉོས་པ་དང་། དེའི་རྗེས་སུ་ཁོ་གཉིས་ཕྱོགས་ཡར་མར་ལ་སོང་ནས་ལས་གཞིའི་མ་དངུལ་སྒོར་མོ་འབུམ་བདུན་དང་ཁྲི་གསུམ་བརྩོན་ལེན་བྱས་ཏེ། ཞིང་ཕྱུགས་ལས་གསར་སྤེལ་ཆེད་ལས་མཉམ་ལས་ཁང་ཞེས་པ་བཙུགས་ནས་ལོ་དེའི་ཟླ་བཅུ་གཉིས་པའི་ནང་དུ་མཉམ་ལས་ཁང་དེས་གཞི་ཁྱོན་ཆེ་བའི་སྒོ་ནས་ལོག་སྣུམ་ཐོན་སྐྱེད་བྱེད་མགོ་བརྩམས།

ཉིས་སྟོང་བཅུ་བདུན་ལོར། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེ་བྱ་བ་མཇུག་རྫོགས་རྗེས། ཆེད་ལས་ཀྱི་དོ་དམ་མི་སྣ་མེད་པ་དང་མ་དངུལ་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས།  གསར་དུ་བདམས་པའི་སྡེ་བའི་མགོ་ཁྲིད་པ་གཉིས་ཀྱིས་ཡང་དང་བསྐྱར་དུ་བསམ་བློ་བཏང་མཐར། མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་འབྱུང་དགོས་ན་ངེས་པར་དུ་སྣེ་ཁྲིད་མཁན་བཟང་བོ་ཞིག་དགོས་པར་དམིགས་ནས། སྡེ་བའི་མགོ་ཁྲིད་པ་དང་སྡེ་བའི་འཐུས་མི་རྣམས་སྔོན་ཆད་ཀྱི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཟུངས་འབུམ་བྱམས་ཚང་ལ་འགྲོ་དགོས་བྱུང་།

སྡེ་མིའི་འཐུས་མི་རྣམས་ཀྱིས་གཟུངས་འབུམ་བྱམས་ལ་བཤད་རྒྱུར། མཉམ་ལས་ཁང་ནི་ཁྱོད་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བའི་དུས་སུ་བཙུགས་པ་ཞིག་ཡིན་ཞིང་། ང་ཚོ་སྡེ་བ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་རེ་བ་གཙོ་བོ་ཡིན། རེ་བ་ཡིན་ན་ཁྱོད་ཀྱིས་ཡང་བསྐྱར་མཉམ་ལས་ཁང་ལ་དོ་དམ་བྱེད་དགོས་ཞེས་བཤད། གཟུངས་འབུམ་བྱམས་ཀྱིས་སྡེ་མི་རྣམས་ཀྱི་རེ་བའི་མིག་ཟུང་མཐོང་རྗེས། སྡེ་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བར་བསམ་བློ་བཏང་ནས་ཡང་བསྐྱར་སྡེ་བའི་མཉམ་ལས་ཁང་གི་བྱ་བར་འགན་འཁུར་རྒྱུའི་ཁས་ལེན་བྱས།  དེའི་རྗེས་སུ་སྡེ་བའི་ལས་བྱེད་པ་དང་གཟུངས་འབུམ་བྱམས་སོགས་ཀྱི་འབད་བརྩོན་འོག་སྡེ་བའི་མཉམ་ལས་ཁང་གི་བྱ་བ་སྣ་ཚོགས་སྔར་བཞིན་ལེགས་ལམ་དུ་ཞུགས་མགོ་བརྩམས།

སྡེ་བའི་ཡོང་འབབ་འཕར་སྣོན་འབྱུང་རྒྱུ་དེ་དོན་དག་ཀུན་གྱི་གཙོ་གནད་དུ་བཟུང་ནས་སྡེ་སྨན་སྡེ་བས་མི་སྣ་རྩ་འཛུགས་བྱས་ནས། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མཉམ་ལས་ཁང་སྐོར་ཞིག་ཏུ་སོང་ནས་འདེབས་འཛུགས་གནས་ཚུལ་དང་། ལོག་དཀར་གྱི་སྣུམ་འཛད་སྤྱོད་བྱེད་པའི་ཀུང་ཟིའི་བྱ་བ་སྣ་ཚོགས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

རྟོག་ཞིབ་བྱེད་པའི་ཁྲོད་དུ་མཉམ་ལས་ཁང་གི་དོ་དམ་དང་འཁོར་སྐྱོད། ལས་སྣོན་སོགས་ཐོན་ལས་གསར་བའི་ལག་རྩལ་ལ་སློབ་སྦྱོང་བྱས་ནས། ཁོ་ཚོ་སྡེ་བའི་མཉམ་ལས་ཁང་རྒྱུན་མཐུད་ངང་འཁོར་སྐྱོད་དང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏང་།

དེའི་རྗེས་སུ་སྡེ་བ་ཡོངས་ཀྱི་གུང་ཆིན་སོ་གསུམ་དང་གྲངས་ཆུང་བཞི་ཡོད་པའི་འཁོར་སྐྱོད་ཞིང་ས་དང་སྡེ་བ་ཐུན་མོང་གི་འཁོར་སྐྱོད་ཞིང་ས་གུང་ཆིན་གསུམ་དང་གྲངས་ཆུང་གསུམ་ཡོད་པ་དེ་མཉམ་ལས་ཁང་དུ་བཞག་ནས་དེའི་སྟེང་དུ་ལོག་དཀར་བཏབ། དེ་དང་མཉམ་དུ་ཞོན་ཧྭ་རྫོང་ཞིང་ཕྱུགས་ཅུའུ་ཡི་ལག་རྩལ་མི་སྣ་གདན་འདྲེན་བྱས་ནས་ཞིང་ས་དང་འདེབས་འཛུགས་ཀྱི་རྣམ་པ། སོན་བཟང་ལེགས་འདེམ་བྱེད་པ། ལུད་རྫས་དང་ཞིང་སྨན་བཀོལ་སྤྱོད་བྱེད་སྟངས་བཅས་ཀྱི་ཐད་ནས་སྡེ་མི་རྣམས་ལ་གསོ་སྦྱོང་བྱས།

མཉམ་ལས་ཁང་དེས་ལོ་དང་པོའི་ནང་ལོག་དཀར་སྤྱི་རྒྱ་ཉིས་སྟོང་ལས་སྣོན་བྱས་པ་དང་ཡོང་འབབ་སྒོར་མོ་ཁྲི་བརྒྱད་ལྷག་བྱུང་ཞིང་། སྡེ་བར་ལས་ཞུགས་ལས་རྐང་བཅུ་མཁོ་འདོན་བྱས་པར་མ་ཟད། སྡེ་སྨན་སྡེ་བའི་མང་ཚོགས་རྣམས་ལ་དབུལ་ཐར་མཁྲེགས་གཏོར་གྱི་ལམ་བུ་ཞིག་གསར་དུ་བཏོད།

སྔོན་ཆད་ང་ཚོས་ཉམས་མྱོང་ཙམ་ལ་བརྟེན་ནས་ཞིང་འདེབས་ཀྱི་ཡོད་པ་རེད། ཞིང་འདེབས་པ་ལ་འདི་འདྲའི་ཤེས་བྱ་མང་པོ་ཞིག་ཡོད་པ་ང་ཚོས་གཏན་ནས་མི་ཤེས། ད་ལོར་ང་ཚོ་སྡེ་བའི་ལོག་དཀར་འདེབས་འཛུགས་སོགས་ལ་སྔོན་ཆད་དང་བསྡུར་ན་ལོ་ལེགས་ཆེན་པོ་བྱུང་སོང་། རྒྱུ་མཚན་ནི་ད་ལོར་ང་ཚོ་ཞིང་ལས་འདེབས་འཛུགས་ཀྱི་གསོ་སྦྱོང་ལ་ཞུགས་པས་རེད། ང་ལ་མཚོནན་ང་ཚོ་སྡེ་བའི་ཞིང་ས་ཆེས་ཆེ་ཤོས་ཀྱི་ཁྱིམ་ཚང་ཡིན་པ་དང་ད་ལོར་ཁྱོན་སྡོམ་ལོག་དཀར་ས་མུའུ་བཅོ་ལྔ་བཏབ་པར་ལོག་དཀར་སྤྱི་རྒྱ་སྟོང་དྲུག་ལྷག་ཐོན་སོང་ཞེས་སྡེ་མི་དོན་བྷ་དགའ་སྤྲོ་དང་བཅས་ཏེ་བཤད།

དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ནི་མཉམ་ལས་ཁང་དེ་འཛུགས་དུས་ཀྱི་ཐོག་མའི་བསམ་འདུན་ཡིན། སྡེ་མི་རྣམས་རང་འགུལ་སྒོས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ནང་ཞུགས་པར་སྐུལ་མ་གཏོང་ཆེད། ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་དུ་མཉམ་ལས་ཁང་དང་སྡེ་མི་རྣམས་ཀྱི་བར་དུ་གྲོས་མཐུན་བྱུང་བ་ལྟར། གུང་ཆིན་སྤྱི་རྒྱ་སོ་གསུམ་དང་གྲངས་ཆུང་བཞི་ཡོད་པའི་སྡེ་མི་རྣམས་ཀྱིས་བཏབ་པའི་ལོག་དཀར་གྱི་ཞིང་ས་དེ་སྡེ་བའི་མཉམ་ལས་ཁང་གིས་ཚོང་རའི་རིན་གོང་ལས་བརྒྱ་ཆའི་བཅུ་ཡིས་ཇེ་མཐོར་བཏང་ནས་ཉོ་སྒྲུབ་བྱེད་རྒྱུ་གཏན་འཁེལ་བྱས།

དེ་དང་མཉམ་དུ། ཉིས་སྟོང་བཅུ་དགུ་ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་མོ་འབུམ་ལྔ་བརྩོན་ལེན་བྱས་ནས། རྨིད་གྲུ་བཞི་མ་སུམ་བརྒྱ་ཡོད་པའི་བཟོ་ཁང་འཛུགས་སྐྲུན་བྱས་པ་དང་། དེ་མིན་སྣུམ་བཙགས་འཕྲུལ་ཆས་གསར་བ་དང་ལོག་དཀར་ཉོས།  ལོ་དེར་མཉམ་ལས་ཁང་དེས་ལོག་དཀར་སྤྱི་རྒྱ་སྟོང་དགུ་ཉོས་ནས་ལོག་སྣུམ་སྤྱི་རྒྱ་བཞི་སྟོང་ཐོན་སྐྱེད་བྱས་པར་ཁེ་སྤོགས་སྒོར་མོ་ཁྲི་གཉིས་དང་སྟོང་གཉིས་ལྷག་བྱུང་།

ད་ལོར་རྡོ་སྦིས་ཡུལ་ཚོས་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་འགུལ་སྤེལ་ནས། སྡེ་སྨན་སྡེ་བའི་མཉམ་ལས་ཁང་ལྟེ་བར་བཟུང་ནས་ལོག་དཀར་གུང་ཆིན་བརྒྱ་དང་གྱ་དྲུག་དང་གྲངས་ཆུང་བདུན་བཏབ་པ་རེད། མིག་སྔའི་བར་མཉམ་ལས་ཁང་གིས་ལོག་དཀར་སྤྱི་རྒྱ་ཁྲི་བདུན་སྟོང་ལྔ་ཉོ་སྒྲུབ་བྱས་པ་དང་། དེ་ལས་ལོག་སྣུམ་སྤྱི་རྒྱ་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ་ཐོན་ཏེ་མཉམ་ལས་ཁང་གི་ཁེ་སྤོགས་སྒོར་མོ་ཁྲི་དྲུག་ལྷག་ལས་བརྒལ།

སྔོན་ཆད་ཀྱང་ང་ཚོས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བསམས་ཀྱང་སྒོར་མོ་མེད། ད་ལྟ་ཐུན་མོང་གི་དཔལ་འབྱོར་ཡོད་པས་ང་ཚོ་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་སྔོན་ཆད་དང་བསྡུར་ན་སྟབས་ཇེ་བདེར་སོང་ཡོད། དུས་ཆེན་གྱི་སྐབས་སུ་ཏང་ཡོན་རྒན་པ་ལ་འཚམས་འདྲི་བྱེད་པ་དང་འཚོ་བར་དཀའ་ཁག་ཆེ་བའི་རྒན་པར་འཚམས་འདྲི་བྱེད་པ། སློབ་མ་བཟང་བོར་བྱ་དགའ་སྟེར་བ་སོགས་བྱ་བ་ཅི་ཞིག་ཡིན་རུང་། སྡེ་མི་རྣམས་ཀྱིས་ཀྱང་ང་ཚོའི་བྱ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ད་ལྟ་ང་ཚོས་བྱ་བ་གང་ཞིག་བསྒྲུབས་ཀྱང་ལས་སླ་མོ་རེད་ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་དགའ་སྤྲོ་དང་བཅས་ཏེ་བཤད།

སྔོན་ཆད་སྡེ་བའི་ནང་དུ་ཨར་འདམ་གྱི་ལམ་མེད་སྟབས་ལམ་བདེ་མོ་མིན་པས་རྫོང་མཁར་དུ་ཐེངས་གཅིག་བགྲོད་པར་ཡང་དུས་ཚོད་གཉིས་ཡས་མས་ཙམ་དགོས་པས་བྱ་བ་བསྒྲུབ་པར་སྟབས་ཧ་ཅང་མི་བདེ། ད་ལྟ་སྡེ་བའི་ནང་ནས་རྫོང་མཁར་བར་གྱི་ལམ་ནི་བདེ་ཞིང་ཁོད་སྙོམས་པས་རྫོང་མཁར་དུ་བགྲོད་པར་དུས་ཚོད་སྐར་ཆ་ཞེ་ལྔ་ཙམ་ལས་མི་དགོས།

ད་ལྟ་སྡེ་བའི་ནང་གི་ལོག་སྣུམ་ཀན་སུའུ་དང་ཟི་ཁྲོན་སོགས་སུ་ཕྱིར་འཚོང་བྱེད་ཀྱི་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་དུས་རྒྱུན་དུ་ང་ཚོ་སྡེ་བའི་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ལོག་སྣུམ་ཉོ་སྒྲུབ་བྱེད་ཀྱི་ཡོད། ད་ལྟ་སྡེ་མི་རྣམས་ཀྱི་འཚོ་བ་ནི་ཉིན་རེ་བཞིན་ཇེ་སྐྱིད་ཡིན་པས་ཁོ་ཚོའི་བདེ་སྐྱིད་ཀྱི་ཚོར་སེམས་ཀྱང་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད།

སྡེ་བའི་ལུས་རྩལ་ཐང་ཆེན་དུ་སྐོར་བྲོ་ཁྲིད་སྟོན་བྱེད་བཞིན་པའི་ལྷ་མོ་མཚོ་དགའ་སྤྲོ་དང་བཅས་ཏེ་བཤད་རྒྱུར། དགུན་ཁར་ལས་ཀ་ཡང་དེ་འདྲ་མང་པོ་མེད་པས་ང་ཚོ་དུས་རྒྱུན་གནས་འདིར་ཡོང་ནས་སྐོར་བྲོ་འཁྲབ་བཞིན་ཡོད། སྡེ་བའི་ལས་བྱེད་པའི་སྣེ་ཁྲིད་འོག ང་ཚོས་སྐོར་བྲོ་རུ་ཁག་རྩ་འཛུགས་བྱས་པ་དང་ཐུན་མོང་གིས་སྐོར་བྲོ་འཁྲབ་སྐབས་ཀྱི་ལྭ་བ་སོགས་ཀྱང་ཉོས་ཡོད།  ཚང་མ་ཕྱོགས་གཅིག་ཏུ་འཛོམས་ནས་ཤེས་བྱ་གསར་བ་སྦྱོང་བ་དང་སྐོར་བྲོའི་གར་ཉམས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ལོ་སར་དང་དུས་སྟོན་གྱི་སྐབས་སུ་ང་ཚོས་སྐོར་བྲོ་འཁྲབ་ནས་སྡེ་མི་རྣམས་ལ་ལྟད་མོ་སྟོན་བཞིན་ཡོད།  ད་ལྟ་ང་ཚོའི་ཡོང་འབབ་ཐད་འཕར་སྣོན་བྱུང་ཡོད་པར་མ་ཟད་བསམ་པའི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ཟེར།

སྡེ་བའི་མཉམ་ལས་ཁང་གིས་སྡེ་མི་རྣམས་ལ་འདི་འདྲ་བའི་འཚོ་བ་ཡག་པོ་ཞིག་སྦྱིན་ཡོད་པ་མཐོང་དུས་ངའི་སེམས་ནས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། རྗེས་ཕྱོགས་སུ་ངས་མུ་མཐུད་དུ་རིན་མེད་ངང་སྡེ་བའི་མཉམ་ལས་ཁང་གི་བྱ་བ་སྣ་ཚོགས་ལ་ཧུར་བརྩོན་བྱས་ནས། ལོག་སྣུམ་ཐོན་སྐྱེད་བྱེད་པའི་བྱ་བ་གཏན་འཇགས་སུ་གཏོང་བའི་རྨང་གཞིའི་སྟེང་། ད་དུང་མར་དང་རྩམ་པ་སོགས་ཉོས་ནས་རྩམ་འཐགས་བཟོ་གྲྭ་ཞིག་ཀྱང་བཙུགས་ནས་སྡེ་བའི་ནང་གི་ཐོན་ལས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གཟུངས་འབུམ་བྱམས་ཀྱིས་བཤད།

                                                                            ལོ་ཙཱ་བ། གཡང་འབུམ་རྒྱལ།