རྨ་ཆུར་སྲུང་སྐྱོབ་བྱེད་རྒྱུ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཡིན།
2021.01.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

གེ་སར་རྟ་རྒྱུག་གི་ཕ་སར་གྲགས་པའི་དར་ལག་རྫོང་གིས་ཉེ་བའི་ལོ་འགའི་རིང་ལ་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ནག་ཐང་བཅོས་སྐྱོང་བྱེད་པར་འབད་བརྩོན་བྱས་པས་གྲུབ་འབྲས་ཡང་ངེས་ཅན་ཤིག་བླངས་ཡོད།

སྔོན་ཆད་ཡིན་ན། ས་གནས་མང་ཚོགས་ལ་རྩྭ་ས་སྲུང་སྐྱོང་དང་། རྨ་ཆུའི་འགྲམ་རྒྱུད་བཅོས་སྐྱོང་བྱེད་པའི་འདུ་ཤེས་མེད་པའི་ཁར། ཕྱུགས་གྲངས་ཚད་ལས་བརྒལ་ནས་འཚོ་སྐྱོང་བྱས་སྟབས། ས་འདིའི་རྩྭ་ས་ཇེ་ཞན་དང་ས་ནག་ཐང་དུ་གྱུར་མྱོང་ཞེས་དར་ལག་རྫོང་འོད་ཟེར་ཡུལ་ཚོ་གཡུ་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རིག་ལྡན་གྱིས་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།

ཉེ་བའི་ལོ་འགའི་སྔོན་ལ། མདོ་དབུས་མཐོ་སྒང་གི་གནམ་གཤིས་ཀྱི་འགྱུར་བ་དང་། ཚད་ལས་བརྒལ་ནས་ཕྱུགས་ཟོག་འཚོ་བ་སོགས་གནད་དོན་མང་པོ་ཞིག་གིས་མགོ་ལོག་ས་ཁུལ་གྱི་རྩྭ་སར་གནོད་སྐྱོན་ཚབས་ཆེན་ཐེབས། རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཁུངས་སྲུང་སྐྱོང་བྱེད་སའི་དར་ལག་རྩྭ་ཐང་ཡང་དེ་ལས་མ་འདས། དར་ལག་རྫོང་གི་རྩྭ་སའི་རྒྱ་ཁྱོན་མུའུ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་གཉིས་ཁྲི་བདུན་ཡོད་པའི་ནང་དུ། ཉེ་བའི་ལོ་འགའི་རིང་ས་ནག་ཐང་དུ་གྱུར་པའི་རྩྭ་སའི་རྒྱ་ཁྱོན་མུའུ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་དགུ་ལ་སླེབས་ནས། རྩྭ་རའི་ནང་དུ་ཕྱུགས་ཟོག་ལ་གཟན་རྩྭ་འདོན་སྤྲོད་བྱེད་མི་ཐུབ་པའི་ཚད་ལ་སླེབས་པ་རེད།

དེ་ནས་བཟུང་། ཕྱུགས་གྲངས་ཚད་ལས་བརྒལ་ན་རྩྭ་ཐང་གིས་ཐེག་ཐུབ་མིན་ཐད་འབྲོག་པ་མང་ཚོགས་ཀྱིས་ཀྱང་བསམ་གཞིགས་གཏོང་མགོ་ཚུགས་ཤིང་། སྲིད་གཞུང་གིས་རོང་འབྲོག་པར་རྩྭ་སར་སྲུང་སྐྱོབ་བྱེད་པའི་སྐོར་དྲིལ་སྒྲོག་བྱས་པ་དང་མཉམ་དུ། ད་དུང་རྩྭའི་ས་བོན་དང་སྐྱེ་ལྡན་ལུད་རྫས་ཉོས་ནས་རྩྭ་ས་ཞན་འགྱུར་བཅོས་སྐྱོང་བྱས། རོང་འབྲོག་པ་མང་ཚོགས་རྣམས་ཀྱིས་རང་འགུལ་སྒོས་འགྲོ་སོང་བཏང་ནས་རྨ་ཆུའི་འབྱུང་ཁུངས་སྲུང་སྐྱོང་དང་ས་ནག་ཐང་བཅོས་སྐྱོང་བྱེད་པའི་བྱ་འགུལ་ནང་ཞུགས། བསམ་བློའི་གོ་རྟོགས་ཇེ་མཐོ་དང་རྒྱབ་སྐྱོར་མཁན་མང་ཚེ་བཅོས་སྐྱོང་བྱེད་རྒྱུ་དེ་ཡང་དེ་འདྲའི་དཀའ་མོ་ཞིག་མིན་པ་རེད།

རྣམ་ཀུན་ནི་གཡུ་ལུང་སྡེ་བའི་མི་ཡིན་ལ། ལོ་ངོ་བཅུ་ཡི་སྔོན་དུ་རྩྭ་ས་ཇེ་ཞན་དུ་སོང་སྟབས། ཁྱིམ་གྱི་ཕྱུགས་ཟོག་དྲུག་ཅུ་ལྷག་བཙོངས་ནས་རྫོང་མཁར་དུ་སོང་ནས་ཞོར་ལས་བཙལ་ཏེ་འཚོ་བ་རོལ། དེང་སྐབས། ས་ནག་ཐང་དང་རྨ་ཆུའི་འགྲམ་རྒྱུད་དུ་སྔོ་རྩྭ་འདེབས་བཞིན་ཡོད་པས་རྩྭ་སར་ཉིན་རེ་ནས་ཉིན་རེར་འགྱུར་ལྡོག་ཆེན་པོ་འབྱུང་གིན་ཡོད་པ་དང་བསྟུན། རྣམ་ཀུན་ཡང་ཕྱིར་རྩྭ་ཐང་དུ་ལོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྨ་ཆུའི་ཆུ་རྒྱུན་སྲུང་སྐྱོབ་བྱ་བར་འབད་པ་བྱེད་བཞིན་ཡོད། ནངས་སྔ་མོ་ནས་ཡར་ལངས་ཏེ་རྨ་ཆུའི་འགྲམ་རྒྱུད་དུ་གད་སྙིགས་འཐུ་བ་དང་ཉེ་འཁོར་གྱི་ཟ་ཁང་དང་བཟོ་གྲྭ་དག་ནས་བཙོག་ཆུ་ཕྱིར་གཏོང་གིན་ཡོད་མེད་ལ་ཞིབ་བཤེར་བྱེད་རྒྱུ་ནི་ཁོའི་རྒྱུན་ལྡན་གྱི་ལས་ཀ་དང་འགན་འཁྲི་ཞིག་ཏུ་གྱུར་ཡོད།

རྣམ་ཀུན་གྱིས་ས་ནག་ཐང་བཅོས་སྐྱོང་བྱས་ཏེ་རྩྭ་ས་སྲུང་སྐྱོང་དང་། རྨ་ཆུའི་ཆུ་རྒྱུན་ལ་སྲུང་སྐྱོང་བྱེད་རྒྱུ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་འཚོ་གནས་བྱེད་པའི་མི་ཞིག་ལ་མཚོན་ན། འདོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་བཤད། དར་ལག་རྫོང་དུ་རྣམ་ཀུན་དང་འདྲ་བའི་འབྲོག་པ་མང་པོ་ཞིག་གིས་ཕྱུགས་ཟོག་འཚོ་ཞོར། རང་འགུལ་སྒོས་ས་ནག་ཐང་བཅོས་སྐྱོང་དང་རྨ་ཆུའི་ཆུ་རྒྱུན་སྲུང་སྐྱོབ། དང་བླངས་ཞབས་ཞུ་ཚོགས་པའི་ནང་ཞུགས་ནས་ཆུ་བོ་དྭངས་མོ་དང་རི་བོ་སྔོ་ལྗང་ཅན་དུ་བསྒྱུར་བར་འབད་པ་བྱེད་བཞིན་འདུག

དར་ལག་རྫོང་འོད་ཟེར་ཡུལ་ཚོ་གཡུ་ལུང་སྡེ་བ་ནི་ས་མགོའི་མཐོ་ཚད་མུས་སྟོང་བཞི་ཡན་དུ་ཆགས་ཡོད་ལ། དེང་སྐབས་གཡུ་ལུང་སྡེ་བས་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ནག་ཐང་དུ་གཟན་རྩྭ་བཏབ་ནས། གཟན་རྩྭའི་རྟེན་གཞི་སྐྲུན་པའི་ཞོར་དུ་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་བཅོས་སྐྱོང་ཐད་གྲུབ་འབྲས་ལེགས་པོ་བླངས་ཡོད།

རྣམ་ཀུན་གྱིས་བཤད་རྒྱུར། སྔོན་ཆད། རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ། ཕྱུགས་ཟོག་མང་དུ་འཚོས་ནས་རྩྭ་སའི་ཐེག་མིན་ལ་འདང་ཆེན་པོ་རྒྱག་གི་མེད། ཕྱུགས་ཟོག་ཇི་ལྟར་མང་ན་ཕྱུག་པོ་ཡིན་པའི་བསམ་བློ་རྙིང་པ་དེ་ཡིད་ལ་དྲན་ན་དངོས་གནས་ངོ་གནོང་བྱེད་ཅིག་རེད། ད་ལྟ་ང་ཚོས་རྩྭ་སའི་ཐེག་མིན་ལྟར་ཕྱུགས་ཟོག་འཚོ་བ་དང་ས་ནག་ཅན་གྱི་རྩྭ་སའི་སྟེང་དུ་གཟན་རྩྭ་བཏབ་ནས་རྩྭ་སའི་བཅུད་སླར་གསོ་བྱུང་ན། རྨ་ཆུའི་ཆུ་ལག་ལའང་སྲུང་སྐྱོབ་བྱེད་ཐུབ། དེའི་ཕྱིར། ང་ཚོས་དུས་ཡུན་གཏན་འཁེལ་མེད་པར་མི་སྒེར་དང་ཚོགས་པ་རྩ་འཛུགས་བྱས་ནས་ཆུ་བོའི་རྒྱུད་དུ་གད་སྙིགས་འཐུ་བ་འདི་ཡང་རྨ་ཆུའི་ཆུ་རྒྱུན་སྲུང་སྐྱོབ་བྱེད་པའི་བྱ་འགུལ་ཞིག་ཡིན་ཟེར།

ས་ནག་ཐང་ནི་རྩྭ་ས་ཞན་འགྱུར་ཚབས་ཆེ་ཤོས་ཀྱི་མངོན་རྟགས་ཤིག་ཡིན་ལ། རྩྭ་ཐང་གི་སྤང་ཤུན་ཉམས་ཞན་དུ་གྱུར་བ་ཞིག་ཡིན། དར་ལག་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་བཤད་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་སྐབས་དང་པོ་དང་གཉིས་པ། དེ་མིན་ཕྱུགས་བསྐྱུར་རྩྭ་འདེབས། ས་ནག་ཐང་བཅོས་སྐྱོང་སོགས་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། དར་ལག་རྫོང་གིས་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་དྲུག་དང་བྱེ་བ་གཅིག་བཏང་ནས། ས་ནག་ཐང་མུའུ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་དང་ས་ནག་མུའུ་ཁྲི་བདུན་དང་སྟོང་ལྔ་བཅོས་སྐྱོང་བྱས་པ་རེད།

ཕྱི་དྲོའི་ཉི་མ་ནུབ་ལ་ཉེ་དུས། ང་ཚོའི་བཅར་འདྲི་ཡང་རེ་ཞིག་མཇུག་རྫོགས། རྣམ་ཀུན་གྱིས་མདོར་ན་ཡོད་ཚད་རི་བོ་སྔོ་ཞིང་ཆུ་བོ་དྭངས་པའི་ཆེད་ཡིན། མིང་དོན་མཚུངས་པའི་སྐྱེ་ཁམས་བདག་སྐྱོང་པའམ་ཆུ་དཔོན་ཞིག་བྱེད་རྒྱུ་ནི་ངའི་མི་ཚེ་འདིའི་དམ་བཅའ་ཡིན་ཞེས་བཤད་རྗེས་ང་ཚོར་བདེ་མོ་བཞག་ནས་གོམ་པ་རིང་ལེན་གྱིས་ཁོ་ཚོའི་བདག་སྐྱོང་དོ་དམ་བྱེད་སའི་ཕྱོགས་སུ་ཕྱིན་སོང་། མཁའ་མཐའི་མཚམས་སྤྲིན་གྱི་འོག་ན་འོད་ལམ་ལམ་དུ་འཚེར་བའི་རྨ་ཆུའི་རླབས་ཕྲེང་བསྡོངས་ནས་རྣམ་ཀུན་གྱི་རྒྱབ་གཟུགས་དེ་ང་ཚོའི་མཐོང་ལམ་དུ་མག་མོག་ཞིག་ཏུ་གྱུར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།