ནུས་ཤུགས་ཡོད་རྒུས་ཞིང་སྡེ་དར་སྤེལ་གཏོང་བའི་འཆར་འགོད་ཡག་པོ་བཟོ་དགོས།
2021.01.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

 --མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་ཞིང་སྡེ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱས་ནས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ ཞིང་སྡེ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད། ཉིན་འདི་འགར་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གྲོས་སྡུར་བྱེད་སྐབས་ལང་ལོང་གིས་བསྟན་དོན། ཡིད་ཆེས་དེ་བས་བརྟན་པོ་དང་སྤྱོད་ཚུལ་དེ་བས་ཏན་ཏིག་གི་སྒོ་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་བྱས་ཏེ། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཐོན་སྐྱེད་ཡག་པོ་དང་ཐོན་ལས་ཡག་པོ། སྐྱེ་ཁམས་ཁོར་ཡུག་ཡག་པོ། འཚོ་བ་ཡག་པོ། ཁྱིམ་གཞིས་ཡག་པོ་བཅས་མངོན་འགྱུར་བྱས་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཞིང་སྡེ་དར་སྤེལ་གཏོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཞིང་སྡེ་དར་སྤེལ་གཏོང་བར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕན་ནུས་ལྡན་པའི་འབྲེལ་མཐུད་ལེགས་པོ་བྱེད་པ། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བར་བརྒལ་དུས་སྐབས་ནང་གི་སྲིད་ཇུས་སྣ་ཚོགས་བརྟན་བརླིང་ངང་བར་བརྒལ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་པ་དང་། དབུལ་ཐར་དང་དབུལ་ཞྭ་ཕུད་པའི་ས་ཁུལ་གྱི་ཞིང་སྡེ་དར་སྤེལ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

དབུལ་ཐར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞང་ཧྭ་བོད་རིགས་ཡུལ་ཚོ་སན་ཅའོ་ཁྲིན་སྡེ་བས་བློ་ཁོག་ཆེན་པོས་ཐབས་ལམ་མང་པོ་དང་ཕྱོགས་མང་པོ་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལས་གཞི་འཚོལ་ཞིབ་བྱས།  སན་ཅའོ་ཁྲིན་སྡེ་བའི“ཧྲུའུ་ཅི་དང་པོ”ཚའོ་ཧྲིག་ལིན་གྱིས་བཤད་རྒྱུར། “རྗེས་མར་སན་ཅའོ་ཁྲིན་སྡེ་བས་ཡུལ་ཚོ་ཡོངས་ཀྱི་སྤུས་ལེགས་ཞོག་ཁོག་གི་ཐོན་ཁུངས་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་དང་ཆབས་ཅིག   ཕིན་ལས་སྣོན་བཟོ་གྲྭའི་རྨང་གཞིའི་ཐོག་སྡེ་བ་རིམ་པའི་ཐོན་ལས་གྲུབ་སྟངས་སྔར་བས་ལེགས་སྒྲིག་དང་། མང་ཚོགས་དབུལ་པོའི་ཡོང་འབབ་བརྟན་པོའི་ངང་འཕར་བ། ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་མགྱོགས་མྱུར་ངང་དཔལ་འབྱོར་ལེགས་ཆར་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་པར་འགན་ལེན་བྱེད་དགོས”ཟེར།

ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་དང་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་མཐོར་འདེགས་གཏོང་བ་ནུས་ཡོད་སྒོས་ཟུང་འབྲེལ་བྱས་པར་བརྟེན་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ཀྱི་ཁྲོམ་གཞུང་དོན་གཅོད་ཁང་གི་ཕིན་ཡོན་སྡེ་བར་ཨར་འདམ་གྱི་ལམ་བཏིང་བ་དང་།  སྒོ་འགྲམ་དུ་ཉི་འོད་ནུས་པའི་ལམ་སྒྲོན་བཙུགས་པ། སྲང་ལམ་གཙང་ལ་གཙང་སྦྲ་དོད་པ། རིག་གནས་ཐང་ཆེན་དུ་སྒྲིག་ཆས་ཆ་ཚང་བཅས་ཡོད་པ་རེད། ཉིན་གཉིས་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་རྗེས། ཚང་མར་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།  རྗེས་ཕྱོགས་སྡེ་བས་མུ་མཐུད་དུ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་དྲ་བ་དང་། བཙོག་ཆུའི་སྦུག་ལམ། ཆུ་འདྲེན་ཆུ་ཡུར་སོགས་རྨང་གཞིའི་སྒྲིག་བཀོད་དང་དམངས་ཚིས་ལས་གཞི་འཛུགས་སྐྲུན་ལེགས་པོ་བྱས་ནས། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་དང་དབུལ་ཐར་མཁྲེགས་གཏོར་གྱི་སྲ་བརྟན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྡེ་མི་རྣམས་དེ་བས་བདེ་སྐྱིད་ལྡན་པ་དང་ཕིན་ཡོན་སྡེ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན”ཞེས་ཕིན་ཡོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཝུན་ལིན་གྱིས་དེ་ལྟར་བཤད་བྱུང་།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཀོ་ལི་མུའུ་ཏི་གྲོང་རྡལ་ཞིན་ཧྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཅིན་ཡོ་ཧྲོན་གྱིས་ཕྱིན་ཆད་ཀྱི་སྡེ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།  ཁོས་བཤད་རྒྱུར།  དབུལ་སྐྱོར་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཏེ།  རྗེས་ཕྱོགས་ང་ཚོས་ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་དབུལ་ཐར།  སྡེ་བའི་ཐུན་མོང་དཔལ་འབྱོར་བཅས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེ་དར་སྤེལ་དང་འབྲེལ་མཐུད་བྱེད་པའི་ཟུང་འབྲེལ་བྱེད་ས་ཆེན་པོར་བརྩི་བ། “ཏང་ཀྲི་པུའུ་དང་། ཀུང་སི། མཉམ་ལས་ཁང་། ཏང་ཡོན། ཞིང་ཁྱིམ་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་འཚོལ་ཞིབ་བྱས་ནས་ཁྱབ་གདལ་གཏོང་དགོས། དེ་ལྟར་བྱས་ཚེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཐུབ་ལ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཇེ་མང་དུ་གཏོང་ཐུབ་པར་མ་ཟད།  ཞིང་སྡེ་དར་སྤེལ་ལས་བྱུང་བའི་ཞིང་ལས་འཁོར་རྒྱུག་དཔལ་འབྱོར་ལ་སྐུལ་འདེད་གང་ལེགས་གཏོང་ཐུབ།

ཁྱད་ཆོས་ལྡན་པའི་ཐོན་ལས་གོང་དུ་སྤེལ་ནས་ཞིང་སྡེ་དར་སྤེལ་གཏོང་བའི་སྒུལ་ཤུགས་སྐུལ་སློང་བྱ་དགོས།

ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་ནི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ཕྱུགས་ལས་ཀྱི་རྩ་བའི་ཐབས་ལམ་ཞིག་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་རེ་བ་ཞིག་ཡིན་ཞིང་། ཞིང་སྡེ་དར་སྤེལ་གཏོང་བའི་རང་ངོས་ཀྱི་སྒུལ་ཤུགས་ཞིག་ཀྱང་ཡིན་པ་རེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར། ཡུས་ཧྲུའུ་ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཀྱི་རྟེན་གཞི་གཙོ་བོ་ཞིག་ཡིན་པའི་ངོས་ནས་ཁྱད་ལྡན་ཞིང་ཕྱུགས་ལས་དེ་གཙོ་ཁྲིད་ཐོན་ལས་སུ་བརྩིས་ནས་འཕེལ་རྒྱས་བཏང་ཞིང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ།  ཡུས་ཧྲུའུ་ཁུལ་གྱིས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་སྒྲིག་གཞིའི་རྐྱེན་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་སྒུལ་ཤུགས་སུ་བརྩི་བ་དང་།  རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཐོན་རྫས་ཀྱི་ནུས་ལྡན་མཁོ་སྤྲོད་མཐོར་འདེགས་གཏོང་རྒྱུ་ལྟེ་བར་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་སྦས་ཤུགས་སྔོག་འདོན་དང་རྒྱ་ཆེར་གཏོང་རྒྱུ་དང་།  རོང་འབྲོག་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རིམ་ལ་ཤུགས་ཆེན་པོས་སྐུལ་འདེད་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

ཞིང་སྡེ་དར་སྤེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་བསྟུན་ནས། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཀུའུ་ཁྲིན་ཧོས་རིགས་ཡུལ་ཚོ་མུའུ་ཁྲང་སྡེ་བ་དེ་ཆུས་ཡོངས་ཀྱི་ཞིང་སྡེ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་ཞིག་ཡིན་པའི་ཆ་ནས།  ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་སྔར་ལས་ལྕི་བ་རེད། མུའུ་ཁྲང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཀྲན་ཧྥ་ཡིས་བཤད་རྒྱུར།  “ལོ་གསར་པའི་ནང་། ང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ལ།  མུའུ་ཁྲང་སྡེ་བའི་ཁྱད་སྟོབས་ཐོན་ལས་ནི་སྨན་རྩྭ་འདེབས་འཛུགས་བྱེད་རྒྱུ་དེ་ཡིན་པས།  ཧུར་ཐག་གིས་ཚན་རིག་ལག་རྩལ་དང་བྱེད་ཐབས་ལེགས་པོ་ཁོང་དུ་ཆུད་པར་བྱས་ནས། སྨན་རྩྭ་ཉོ་སྡུད་དང་། ལས་སྣོན། ཕྱིར་ཚོང་བཅས་བྱེད་པ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་མུ་མཐུད་དུ་སྐུལ་ཁྲིད་བྱེད་པ། ཧུར་ཐག་གིས་གསར་དར་ཐོན་ལས་རྒྱ་བསྐྱེད་དེ།  ཕྱུག་འགྱུར་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ས་རྒྱུ་བཟང་ལ་སྦགས་བཙོག་མེད་པ་དང་ནམ་ཟླའི་ཆ་རྐྱེན་ལེགས་པས་ཁྱད་ལྡན་འདེབས་འཛུགས་ལས་རིགས་གོང་དུ་སྤེལ་བར་ཧ་ཅང་འཚམ།   ཁྱད་ལྡན་ཐོན་ལས་དེ་སྔོན་ཆད་ཀྱི་ལོག་དཀར་དང་ནས་འདེབས་པའི་ཕན་འབྲས་ལས་བཟང་བར་མ་ཟད།  ཞོར་ལས་ལ་སྐྱོད་མི་དགོས་པར་རང་ཡུལ་ནས་ཡོང་སྒོ་བསྐྲུན་ཐུབ་པ་དང་།  ཕྱིན་ཆད་ཀུང་སིས་ད་དུང་འདེབས་འཛུགས་དང་།  ལས་སྣོན།  ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་ལས་གཞི་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པས།  ང་ཚོས་ཀྱང་ལས་ཀ་ཡག་པོར་སྒྲུབ་ནས་ཞིང་སྡེ་དར་སྤེལ་གཏོང་བར་ནུས་པ་ཕྲན་བུ་འདོན་རྒྱུ་ཡིན་ཞེས་ཏུང་ཁྲོན་གྲོང་རྡལ་མ་ཏིང་སྡེ་བའི་སྡེ་མི་ཀྲའོ་ཡན་ལན་གྱིས་དེ་ལྟར་བཤད་བྱུང་།

ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཏེ་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་བྱ་དགོས།

ཞིང་སྡེ་འཛུགས་སྐྲུན་གྱི་འགུལ་སྐྱོད་སྤེལ་བ་དང་། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་སྡེ་བའི་འཆར་འགོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ།  ཡུལ་ཚོ་དང་གྲོང་རྡལ་དེ་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ས་ཁོངས་ཀྱི་ལྟེ་བ་ཞིག་ཏུ་བསྐྲུན་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་པ་ལེགས་པོ་གཏོད་དགོས། དེ་དང་ཆབས་ཅིག་གོམས་སྲོལ་སྒྱུར་བ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཙི་རོང་གིས་བཤད་རྒྱུར། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་ཁྲོད་མགོ་ལོག་གི་འཚོ་སྡོད་ཁོར་ཡུག་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྐྱེན་སྲོལ་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ།  སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ་དང་། ཞིང་སྡེ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་གནས་སྤོར་དང་སྐྱེ་ཁམས་འཛུགས་སྐྲུན་ལས་གཞིའི་དབུལ་སྐྱོར་སོགས་རིམ་པ་མང་བའི་སྐྱེ་ཁམས་དབུལ་སྐྱོར་མུ་མཐུད་དུ་ལག་བསྟར་བྱེད་པ། གནས་སྤོས་རྗེས་ཇི་ལྟར་བྱས་ནས་མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ལ་སྐུལ་འདེད་གང་ལེགས་གཏོང་རྒྱུར་ཤུགས་རྒྱག་དགོས་པ་མ་ཟད། ཞིང་སྡེའི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་སྡེ་ས་ཁུལ་གྱི་གཞི་རྩའི་འཚོ་བའི་གཙང་སྦྲའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་དཀྱིལ་སྙིང་དུ་བཟུང་ནས།  སྤྱོད་བཟང་གིས་སྐྱོང་བ་དང་། ཁྲིམས་ལྟར་སྐྱོང་བ། རང་སྐྱོང་བྱེད་པ་བཅས་མཉམ་འཛིན་གྱི“དཀྱིལ་སྙིང་གཅིག་དང་བཅོས་སྐྱོང་གསུམ”གྱི་བྱེད་སྟངས་བརྒྱུད་དེ།  ཞིང་སྡེའི་སྤྱི་ཚོགས་བཅོས་སྐྱོང་ཐད་སྔ་ན་མེད་པའི་གྲུབ་འབྲས་བླངས་ཡོད། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་མོ་བྱམས་ཀྱིས་བཤད་རྒྱུར། “ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད།  ངས་ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཞིང་སྡེ་དར་སྤེལ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་ང་ཚོས་དྲ་མིག་ཅན་གྱི་འཛུགས་སྐྲུན་བརྒྱུད་དེ། ཏང་ཡོན་དང་། སྡེ་བའི་ཉེན་རྟོག་པ།  སྐྱེ་ཁམས་ལྟ་སྲུང་པ། རང་མོས་ངང་སྐྱེ་ཁམས་ལྟ་སྲུང་ཁྲོད་ཞུགས་པའི་འབྲོག་པ་མང་ཚོགས་གཞན་དག་བཅས་དྲ་མིག་དོ་དམ་པར་བརྩིས་ནས་སྡོད་ཁུལ་གྱི་སྐོར་གཡེང་དང་། ཆ་འཕྲིན་འཚོལ་བསྡུ། སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ལས་དོན་གྱི་འགན་འཁུར་རྒྱུ་ཡིན་ཟེར།

ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ། བཅོས་སྐྱོང་ལ་ཕན་འབྲས་ཐོན་པ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཞིང་སྡེ་དར་སྤེལ་གཏོང་རྒྱུ་ནི་ཡུན་རིང་གི་མ་ལག་བཟོ་སྐྲུན་ཞིག་ཡིན་ཞིང་། དེ་ནི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཁྱབ་ཁོངས་ཆེན་པོ་ལྔ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ཆེད་དུ་ཡིན། དར་སྤེལ་གྱི་གནས་འཁེལ་འཚོལ་ཞིབ་དང་རྒྱང་རིང་གི་འཆར་འགོད་བཀོད་སྒྲིག་བྱས་ཏེ་མཉམ་དུ་ནུས་ཤུགས་ཡོད་རྒུས་ཞིང་སྡེ་དར་སྤེལ་གཏོང་བའི་འཆར་འགོད་ལེགས་པོ་དཔེ་རིས་སུ་འགོད་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།