མི་རིགས་སོ་སོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས།
2021.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྟེང་“དཔེ་སྟོན་ལྔའི་ཞིང་ཆེན”བསྐྲུན་རྒྱུ་དེ་སྤྱིའི་འཐབ་ཇུས་སུ་བརྩིས་ནས། མི་རིགས་སོ་སོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས།  ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ། མང་ཚོགས་ཀྱི་རེ་འདུན། མ་འོངས་པའི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་གྱི་གཞི་རྩའི་གནས་ཚུལ་ནས་རྐང་བཙུགས་ཏེ་རང་སྟེང་གི་ཁྱད་ཆོས་འབུར་དུ་བཏོད་དགོས་ལ། ཕན་ནུས་ལྡན་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་རྒྱལ་ཁབ་སྤྱི་གླིང་དང་དྭངས་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་བཅས་ཀྱི་ལག་ལེན་གསར་བའི་སྟེང་མཚོན་པར་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་སོ་སོའི་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་ཁེ་བསྐྲུན་དགོས།

མི་རིགས་སོ་སོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས་ན་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཀྱི་གོ་གནས་གཙོ་བོ་དང་ཐུན་མོང་ཕྱུག་འགྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་གྲུབ་འབྲས་མཉམ་སྤྱོད་བྱེད་པ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པ། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱས་ནས་སྤྱི་ཚོགས་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི“དཀའ་ཉེན་དང་རེ་སྒུག”གི་གནད་དོན་ལ་དམིགས་ནས། བྱ་བ་གོ་རིམ་ལྡན་པ་དང་དོན་གཅིག་སྒྲུབ་ན་དོན་དེ་འགྲུབ་པར་ཁག་ཐེག་བྱེད་དགོས་པ་དང་། ཧུར་ཐག་གིས་མི་རིགས་སོ་སོའི་མང་ཚོགས་རྣམ་ལ“དཔེ་སྟོན་ལྔའི་ཞིང་ཆེན”གསར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དངོས་སུ་རྒྱལ་ཁབ་སྤྱི་གླིང་གི་གྲུབ་འབྲས་རོལ་མྱོང་བྱེད་དུ་འཇུག་དགོས་པ་དང་། དྭངས་གཙང་ནུས་རྒྱུ་ཡི་ཁེ་ཕན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁེ་ཕན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་རྡལ་གྱི་རིན་ཐང་བཅས་རོལ་མྱོང་བྱེད་དུ་བཅུག་སྟེ། མི་རིགས་སོ་སོའི་མང་ཚོགས་ལ་ཐོབ་ཚོར་སྔར་ལས་ཆེ་རུ་འགྲོ་བ་དང་བདེ་སྐྱིད་ཚོར་སེམས་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་སྔར་ལས་འགན་ལེན་ཐུབ་པ་བཅས་ཡོང་བ་བྱེད་དགོས།

མི་རིགས་སོ་སོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་ལེགས་པོ་བྱ་དགོས། སྐྱེ་ཁམས་ཀྱི་གོ་གནས་ནི་འགྲན་ཟླ་བྲལ་བ་ཞིག་རེད། ནུས་ཁུངས་དང་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ། རི་ཆུའི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ། སྤྱི་ཚོགས་འཆམ་མཐུན་དང་མདུན་ལྗོངས་གསལ་བ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ་བཅས་ནི་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་མངོན་འགྱུར་བྱེད་པའི་ཁྱད་སྟོབས་དང་སྤོབས་པ་རེད། ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་བ་ལྟར་ན། ཕུལ་བྱུང་དར་སྤེལ་དང་ཁྱད་ཆོས་འདོན་སྤེལ་ལེགས་པོ་བྱས་ན། ད་གཟོད་ཕྱོགས་སོ་སོའི་སྤུས་ལེགས་རྒྱུ་རྐྱེན་གཙོ་བོའི་ནུས་པ་དངོས་འབྲེལ་འདོན་སྤེལ་བྱེད་ཐུབ། ང་ཚོས་མཚོ་སྔོན་གྱི་ཁྱད་སྟོབས་གཙོ་བོ་དང་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བསྐྲུན་པ་དང་། འཚོལ་ཞིབ་དང་དཔེ་སྟོན་གྱི་འབྲེལ་བར་ལྟ་རྟོག་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་ནས། རྒྱལ་ཁབ་སྤྱི་གླིང་དེ་གནམ་འོག་གི་བཀྲག་མདངས་འཚེར་བའི་མིང་བྱང་དུ་འགྱུར་བ་དང་། དྭངས་གཙང་ནུས་རྒྱུ་དེ་མིང་རྟགས་གྲགས་ཅན་དུ་འགྱུར་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དེ་མིང་གྲགས་ཐོན་རྫས་སུ་འགྱུར་བ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་དེ་གཞི་རྟེན་གལ་ཆེན་དུ་འགྱུར་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རང་ཞིང་དར་རྒྱས་གོང་འཕེལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་འགྱུར་བ་བཅས་བྱེད་དགོས།

མི་རིགས་སོ་སོའི་མང་ཚོགས་ལ་མིག་མཐོང་ལག་ཟིན་ཐུབ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱ་དགོས། ང་ཚོས་མི་ཚང་མ་ཟབ་ཞུགས་བྱེད་པ་དང་མི་ཚང་མས་འབད་བརྩོན་བྱེད་པ། མི་ཚང་མས་ལོངས་སྤྱོད་བཅས་བྱ་རྒྱུ་དར་སྤེལ་གཏོང་དགོས། “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་བསྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་རྒྱུན་མཐུད་ཀྱི་ལས་དོན་ཞིག་ཡིན་པས། ང་ཚོས་མུ་མཐུད་འབད་བརྩོན་ལྷོད་མེད་བྱས་ཏེ། མི་རབས་རྗེས་མར་གྲུབ་འབྲས་བཟང་པོ་ཞིག་བསྐྲུན་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དཔའ་བོ་ངོ་མ་ཡིན་པས། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྲོད་ནས་ཁ་ཕྱོགས་དང་བྱེད་ཐབས། ཡིད་ཆེས་དང་སྟོབས་ཤུགས་བཅས་རྙེད་པར་བྱས་ཏེ། བློ་གྲོས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ཀྱི་འབད་འཐབ་ཁྲོད་དུ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། མི་ཚང་མའི་སེམས་སུ་མཛེས་སྡུག་ལྡན་པའི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་བྱེད་པ་དང་། བདེ་སྐྱིད་ཀྱི་འཚོ་བར་འབད་བརྩོན་བྱེད་པའི་ནང་གནས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། དེ་དང་ཆབས་ཅིག ལམ་ལུགས་ཀྱི་བཀོད་སྒྲིག་སྔར་ལས་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་དྲང་གཞག་མཉམ་སྤྱོད་ཀྱིས་སེམས་ནུས་གཅིག་ཏུ་སྒྲིལ་དགོས། མི་དམངས་ལ་བདེ་སྐྱིད་ཁམས་བཟང་གི་དེང་རབས་ཅན་གྱི་དཔལ་ཡོན་མངོན་པར་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་བདེ་སྐྱིད་ལྡན་པ་དང་ཚོར་སྣང་སྔར་ལས་ཟབ་པ། གསོན་ཤུགས་སྔར་ལས་ལྡན་པ་བཅས་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།