—ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ།
ལོ་གསར་གྱི་སྔ་རྗེས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་དྲ་སྦྲེལ་བརྒྱུད་དེ། 2021ལོའི་ལོ་གསར་གྱི་ཤིས་ཚིག་ཕུལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན་དོན། 2020ལོ་ནི་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་དཀའ་སྤྱད་འབད་བརྩོན་བྱས་ཏེ། མི་སེམས་སྤྲོ་རུ་འཇུག་པའི་རྒྱུགས་ཤོག་ཅིག་སྤྲད། ཤིས་ཚིག་གི་ཡིག་འབྲུ་རེ་རེས་མི་སེམས་ལ་དྲོད་ཁོལ་སྟེར་ཞིང་། ཚིག་འབྲུ་རེ་རེས་སྤོབས་པ་མཐོ་རུ་འདེགས་པ་དེ་ཡིས་རང་ཞིང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ལས་སྒྲུབ་ཀྱི་ངར་ཤུགས་བསླངས་ནས། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལ་དམིགས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་གསར་སྤེལ་གསར་གཏོད། རང་འཁྲིའི་ལས་འགན་ལ་རྐང་བཙུགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་གཏོད་པའི་ཆེད་དུ་འབད་འབུངས་བྱེད་ངེས་ཡིན།
“ཕལ་བས་རླབས་ཆེན་བསྐྲུན་པ་དང་། དཔའ་བོ་ནི་མི་དམངས་ཀྱི་ཁྲོད་དུ་བྱུང་ལ། མི་ཚང་མ་ཁྱད་དུ་འཕགས་པ་རེད། ”“ང་རང་རླབས་ཆེན་གྱི་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་སྤོབས་པ་སྐྱེ་ལ། ཡར་ཐོན་ལྷུར་ལེན་གྱི་མི་རིགས་སྙིང་སྟོབས་ལ་སྤོབས་སེམས་སྐྱེ།”
“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཁྲོད་ཀྱི་གསུང་ཚིག་ནི། དྲོད་ཁོལ་ལྡན་པའི་ཆུ་རྒྱུན་ཞིག་དང་འདྲ་བར་ང་ཚོའི་སེམས་སུ་བཞུར། 2020ལོ་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ལ། སྟོབས་ཤུགས་གཅིག་སྒྲིལ་གྱི་ལོ་ཞིག་ཀྱང་ཡིན་ཞིང་། ང་ཚོར་མཐུན་སྒྲིལ་ཡོད་ཅིང་བརྟན་བརླིང་དུ་གྱུར་པས། ལོ་འདི་ཡིས་ང་ལ་སེམས་འགུལ་སྔར་ལས་མང་པོ་ཐེབས་སུ་བཅུག གཞི་རིམ་གྱི་ལས་བྱེད་ཅིག་ཡིན་པའི་ངོས་ནས་ངེས་པར་ལྷོད་གཡེང་སྤུ་ཙམ་མི་གཏོང་བར། མུ་མཐུད་དུ་ཏན་ཏིན་སྒོས་ལས་ཀ་སྒྲུབ་པ་དང་། སེམས་ཤུགས་གཅིག་ཏུ་སྒྲིལ་བ། རང་འཁྲིའི་ལས་དོན་སྔར་ལས་ལེགས་པོར་བསྒྲུབས་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་རང་ནུས་ཅི་ཡོད་འབུལ་རྒྱུ་ཡིན་ཞེས”ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཏ་ཀྲུང་ལུའུ་ཡིས་དེ་ལྟར་བཤད།
མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་པཱ་ཀྲིག་གྲོང་རྡལ་མཱ་ཅཱ་བན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བེ་ཡོན་ཐའོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་གི་ཡིག་འབྲུ་རེ་རེར་དྲོད་འཁོལ་ཟབ་མོས་ཁེངས་ཤིང་། ཚིག་འབྲུ་རེ་ལ་ནུས་ཤུགས་བརྟན་པོ་ཡོད། 2020ལོའི་ལོ་མགོར། ང་ཚོར་བརྗེད་དཀའ་བའི་དོན་དག་བརྒྱུད་ཅིང་། ང་ཚོ་མི་རེ་རེའི་འཚོ་བ་དང་ཚེ་སྲོག་ལ་ཚོར་ཤེས་གསར་བ་བྱུང་། ང་ཚོས་སྤྱིར་བཏང་གི་མི་ཚང་མས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཏེ་སྤྱིར་བཏང་མ་ཡིན་པའི་བྱ་བ་སྒྲུབ་པ་མཐོང་བ་དང་། དེས་ང་ཚོར་གཞི་རིམ་དུ་སྡོད་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བ། གཞི་རིམ་ལ་ཡོད་ཚད་འབུལ་བར་སྐུལ་ལྕག་གནང་བ་དང་། ནུས་ཤུགས་ཡོད་དགུས་སྡེ་དམངས་ཀྱི་དཀའ་ཁག་དང་དགོས་མཁོ་ཐག་གཅོད་བྱས་ལ། ཁོ་ཚོར་ཏང་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་ལས་བྱུང་བའི་འགྱུར་ལྡོག་དངོས་གནས་རོལ་མྱོང་བྱེད་དུ་བཅུག་ཟེར།
“ལོ་གསར་ཤིས་ཚིག་གིས་མི་སེམས་ལ་དྲོད་ཁོལ་སྟེར་ཞིང་། མི་ལ་ཧུར་སྐྱེད་ཡར་བརྩོན་དང་སྐུལ་ལྕག་ཐེབས་པར་བྱེད།”མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁའི་འབྲི་ཆུ་སྨན་ཁང་གི་ཡོན་ཀྲང་ཏོན་ཧྥ་ཞིག་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མོ་ལ་སྤྱི་ལོ2020ལོའི་ལོ་མགོར་རང་དང་ལས་གྲོགས་རྣམས་ཀྱིས་མཉམ་གཅིག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་ཉིན་མཚན་བསྟུད་མར་འབད་བརྩོན་བྱས་པ་ཕྱིར་དྲན་བྱེད་དུ་བཅུག་ལ། “ལོ་གསར་པ་སླེབས་རྗེས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མུ་མཐུད་དུ་དམ་འཛིན་བྱེད་པ་དང་མཉམ་དུ། ང་ཚོས་མུ་མཐུད་དུ་སྔར་ལས་རིག་ནུས་ཅན་དང་ཁྱད་ཆོས་ཅན་གྱི་སྨན་བཅོས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ལ། བསམ་པ་རྣམ་དག་གིས་ནད་པ་རེ་རེར་ལྟ་སྐྱོང་ལེགས་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཟེར།
“2020ལོར། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ།”ལོ་འདིར། རང་རྒྱལ་གྱིས་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་མང་པོར་འགོག་རྐྱེན་བཟོས་པའི་དབུལ་ཕོངས་གནད་དོན་དེ་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་བྱས་ཏེ། མིའི་རིགས་ཀྱི་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་ལོ་རྒྱུས་སྟེང་ངོ་མཚར་བའི་བྱས་རྗེས་བསྐྲུན།
ལོ་གསར་ཤིས་ཚིག་ཁྲོད། “ལོ་ངོ་བརྒྱད་ཀྱི་རིང་ལ། ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ལྷག་ཡོངས་སུ་དབུལ་ཐར་བྱུང་ཞིང་། དབུལ་ཕོངས་རྫོང832ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཟིན”ཞེས་པའི་གསུང་འཕྲིན་དེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལས་ཞུགས་ཅུའུ་ཡི་ལས་བྱེད་པ་ཕག་མོ་བཀྲ་ཤིས་ལ་ངར་ཤུགས་རྒྱས་སུ་བཅུག
ཁོས་བཤད་རྒྱུར། “ཐུན་རིན་གྲོང་ཁྱེར་གྱིས་དབུལ་ཕོངས་ཞྭ་མོ་བདེ་བླག་ངང་ཕུད་པ་དང་། རྫོང་གྲོང་ཁྱེར་དུ་བསྒྱུར་བའི་ལས་དོན་ལེགས་འགྲུབ་བྱས་ཤིང་། མཁར་བྱང་ཁུལ་གསར་འཛུགས་སྐྲུན་བྱ་བ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། རོང་བོ་དགུ་ཆུའི་འགྲམ་གྱི་མཛེས་ལྗོངས་ཁུལ་གྱི་ཐོག་མའི་རྣམ་པ་གྲུབ་ཟིན་པ་དང་། གླིང་རྒྱའི་ཆུ་མཛོད་ཀྱི་རགས་ཆེན་ཡོངས་སུ་འགྲུབ་ལ་ཉེ་བ་སོགས་དམངས་ཕན་དམངས་བདེ་དམངས་ཕྱུག་བཅས་བཟོ་འགོད་གལ་ཆེན་ཚང་མ་ཉིན་རེའི་ལས་རིམ་ནང་བཞག་པས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས”ཟེར།
“འདས་ཟིན་པའི་ལོ་ངོ་གཅིག་གི་ནང་། ངེད་ཚང་གིས་འཚོ་བ་ཤིན་ཏུ་སྐྱིད་པོ་ཞིག་རོལ་བ་ཡིན་ལ། ཡང་གཅིག་བཤད་ན་དེ་ནི་ངའི་ལོ་ངོ་བཞི་བཅུའི་རིང་གི་རང་ཉིད་ལ་ཆེས་ཡིད་ཆེས་ལྡན་པའི་ལོ་ཞིག་ཡིན”ཞེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་འཇིགས་མེད་གཞིས་ཁྱིམ་གྱི་དབུལ་ཐར་ཁྱིམ་ཚང་གནམ་སྒྲོལ་གྱིས་དེ་ལྟར་བཤད་པ་དང་། 2020ལོར་ཁོས་རང་གི་ངལ་རྩོལ་ལ་བརྟེན་ནས་སྒོར་ཁྲི་གསུམ་ལྷག་བཙལ་བ་དང་། འབྲོག་པ་ནས་ཚོང་པར་གྱུར་པ་དེ་ནི་གནམ་སྒྲོལ་ལ་མཚོན་ན་ཐོབ་ཐང་འགྱུར་བ་ཙམ་མིན་པར་བསམ་བློའི་སྟེང་གི་འགྱུར་ལྡོག་ཅིག་ཡིན་ཞིང་། གཞན་དབང་གི་དབུལ་ཐར་ནས་རང་འགུལ་གྱི་དབུལ་ཐར་གྱི་འགྱུར་ལྡོག་ཅིག་ཡིན་པ་དང་། “ང་ནི་ད་ལྟ་ཁྱོན་ཡོངས་ནས་ལམ་བུ་གསར་བ་ཞིག་གི་སྟེང་དུ་སྤོས་ཟིན་པ་དང་། རང་གིས་ངལ་རྩོལ་བྱས་ན་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པར་རང་ལ་ཡིད་ཆེས་བརྟན་པོ་ཡོད”ཟེར།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དབང་མོ་དང་སྡེ་དམངས་རྣམས་ཀྱིས་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་སྒྲོན་པའི་བརྙན་འཕྲིན་ལ་བལྟས་ཤིང་། མོས་ཚོར་སྣང་ཟབ་མོས་སྒོ་ནས་བཤད་རྒྱུར། ལོ་གསར་ཤིས་ཚིག་གིས་མི་རྣམས་ལ་ངར་ཤུགས་བསྩལ་པ་དང་ལོ་གསར་པར་རེ་བས་ཁེངས་པར་བྱས་ཡོད། ད་ལྟ་སྡེ་བའི་ནང་གི་འགྱུར་ལྡོག་ཇེ་ཆེ་ནས་ཇེ་ཆེ་ཡིན་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་དྲང་ལམ་དུ་ཞུགས་ཐུབ་ཡོད་པས། ཁོ་ཚོས་མུ་མཐུད་དུ་སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་དེ་རང་གི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་ཆེན་སྟེང་བསྐྱོད་དུ་འཇུག་རྒྱུ་ཡིན་ལ། སྡེ་བའི་ནང་གི་ལེགས་ཆ་དང་ཁྱད་ཆོས་དེ་ཞིང་སྡེ་དར་སྤེལ་གཏོང་བ་དང་མཉམ་དུ་ཟུང་འབྲེལ་བྱེད་པར་སྔར་ལས་དོ་སྣང་བྱས་ཏེ། སྡེ་དམངས་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་དུ་མཐོ་རུ་བཏང་བས། སང་ལོར་དེ་ལས་ལྷག་པའི་ཐོབ་ཆ་ཡོད་ངེས་ཟེར།
འབད་འཐབ་ལ་ལྷོད་པ་མེད། ཧུར་བརྩོན་ལ་མཚམས་འཇོག་མེད། ‘བརྒྱ་ལོ་གཉིས’ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་འགྲེང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་མི་འགྱངས་པར་མགོ་འཛུགས་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གིས་ང་ཚོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་། སྤྲོ་སེམས་འབར་བ་དང་བརྩེ་སེམས་བརྟས་པའི་ལེའུ་འབྲི་བར་སྐུལ་ལྕག་བྱེད་བཞིན་ཡོད།
རྒྱང་སྐྱོད་ཀྱི་ལམ་ཐག་ཧ་ཅང་རིང་ལ་མུ་མཐུད་དུ་འབད་བརྩོན་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ལ་ཟི་ལིང་གྲོང་ཁྱེར་ཧུའུ་ཐེ་སྡོད་ཁུལ་གྱི་ཀྲུའུ་རིན་གཞོན་པ་ལི་ཞཱ་ལ་སྐུལ་ལྕག་ཆེན་པོ་ཐེབས། ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་སྔར་ལས་ཇེ་མཛེས་སུ་གྱུར་བ་དང་། གྲོང་ཁྱེར་སྡོད་དམངས་ཀྱི་བྱང་ཚད་ཀྱང་སྔར་ལས་ཇེ་མཐོར་སོང་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་སྔར་ལས་ཇེ་བཟང་དུ་གྱུར་ཡོད། འདི་དག་ཡོད་ཚད་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཀྱི་ཐུན་མོང་གིས་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། ལི་ཞཱ་ཡིས་བཤད་རྒྱུར། གཞི་རིམ་གྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ངས་རང་ནུས་ཅི་ཡོད་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་སྡོད་ཁུལ་མངའ་ཁོངས་ཀྱི་སྡོད་དམངས་ཀྱི་དཀའ་ཁག་སེལ་བ་དང་། བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་ཨ་ཡག་སྡེ་བའི་སྡེ་དམངས་མ་ཝུན་མིན་གྱིས་བཤད་རྒྱུར། “2017ལོའི་ཟླ་དགུ་བར། ངས་ཀྲང་ཡེ་གྲོང་ཁྱེར་ནས་ནང་སྙིང་དམར་པོ་ཅན་གྱི་ཤིང་ཏོག་ཕི་ཐ་ཡིས་སྡོང་པོ་སྟོང་བཞི་ནང་འདྲེན་བྱས་ཏེ། ཁྱད་ལྡན་ཞིང་ལས་སྤེལ་བ་དང་། ཚ་བའི་ས་ཁུལ་དུ་གཏོགས་པའི་ཤིང་ཏོག་འདི་མཐོ་སྒང་ནས་རྩ་བ་ཚུགས་སུ་བཅུག་པ་ཡིན། ལོ་གསར་པའི་ནང་། ངས་མུ་མཐུད་དུ་སེ་ཡབ་དང་ལེ་མོན། ངང་ལག སེ་འབྲུ་སོགས་ཁྱད་ལྡན་ཤིང་ཏོག་ནང་འདྲེན་བྱེད་འཆར་ཡོད་ལ། ཁྱད་ལྡན་ཐོན་ལས་ཆེན་པོ་དང་བཟང་པོ་བསྒྲུབ་རྒྱུ་ཡིན་པར་མ་ཟད། ཤེས་བྱ་དང་འདེབས་འཛུགས་ལག་རྩལ་སྦྱངས་ཏེ། རྣམ་པ་གསར་པའི་ཞིང་པར་འགྱུར་བའི་ཕྱོགས་ལ་འབད་བརྩོན་བྱ་རྒྱུ་ཡིན ”ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ཁྲོད་མི་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་ཅིག་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡི་དཀར་འོམ་ལུང་ཡུལ་ཚོའི་ཡུལ་གཙོ་གཞོན་པ་ལན་ཧེ་ལུང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ཉེ་ལམ་ང་ཚོའི་ལས་ཀ་གཙོ་བོ་ནི་ལས་གཞིའི་བྱ་བ་དམ་འཛིན་དང་ལག་ལེན་བྱེད་རྒྱུ་དེ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་གོ་སྐབས་སུ་བརྩིས་ནས། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བཟང་བོ་འདིང་དགོས། ཞིང་ཕྱུགས་ལས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་བྱ་བ་དམ་འཛིན་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་རྒྱ་ཇེ་ཆེར་གཏོང་བ་དང་། ཞིང་སྡེ་དར་སྤེལ་ཐད་ནུས་ཤུགས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།