ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།
2021.01.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་མོ་ཡིན། དུས་ཡུན་རིང་པོའི་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བརྟན་པོའི་སྟོབས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། མངོན་གསལ་གྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ང་ཚོས་ཞིང་ཆེན་གྱི་གནས་ཚུལ་གནས་ཐིག་གཏན་འཁེལ་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་།“རྒྱུན་འཁྱོངས་དྲུག”ལ་དམིགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་ཡག་པོ་དང་སྟངས་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་གི་ཆབ་སྲིད་འགན་འཁྲི་དང་འགན་འཁྲི་འཁུར་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

གཅིག་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་རྒྱུན་འཁྱོངས་བྱ་དགོས། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་གནད་དོན་ངོས་འཛིན་དང་ཐག་གཅོད་ཡང་དག་པ་བྱ་རྒྱུ་ནི་མིའི་རིགས་ཀྱི་ལས་དབང་གི་གཞི་རྩའི་གནད་དོན་ཡིན། མིའི་རིགས་ཀྱིས་རང་བྱུང་ཁམས་དང་སྤེལ་རེས་བྱེད་པའི་ཁྲོད་ཐོན་སྐྱེད་དང་།འཚོ་བ།འཕེལ་རྒྱས་སུ་འགྲོ་བ་བཅས་བྱེད་ཀྱི་ཡོད་པས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་ཀྱི་ཡོད་ལ་རང་བྱུང་ཁམས་ཀྱིས་ཀྱང་མིའི་རིགས་ལ་ལག་སྐྱེས་འབུལ་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་གསར་གཏོད་དང་འཕེལ་རྒྱས་བཏང་ནས་མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། རྨང་གཞི་འདིང་བ་དང་ཡུན་རིང་ཕན་པའི་དགེ་བའི་ལས་མང་ཙམ་གཉེར་བ། རང་བྱུང་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་བྱེད་པའི་དོན་དངོས་མང་ཙམ་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ།ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།

གཉིས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གནས་ལུགས་ཤིག་ཡིན་པ། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་གསལ་བཤད་བྱས་ཡོད། ང་ཚོས་ངེས་པར་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་རིན་ཐང་གི་རིན་ཐང་བརྟན་སྲུང་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རི་ཡིན་པའི་སྤྱོད་གོ་ཆོད་པའི་ལམ་བུ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་གྱིས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས།

གསུམ་ནི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་དང་དམངས་འཚོའི་བདེ་སྐྱིད་ཆེ་ཤོས་ཡིན་པའི་གཞི་རྩའི་དམངས་འཚོའི་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་ཡིན་ཞིང་།འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་ཆབས་ཅིག  མི་དམངས་མང་ཚོགས་ཀྱིས་མཁའ་རླུང་གཙང་མ་དང་ཆུ་མགོ་གཙང་མ། གནོད་མེད་ཀྱི་བཟའ་བཅའ། སྡོད་རྒྱུར་འཚམ་པའི་ཁོར་ཡུག་བཅས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་རེ་སྒུག་ཆེན་པོ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བཅས་བྱས་ནས་མི་དམངས་མང་ཚོགས་ལ་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་པ། ཆུ་མོ་དྭངས་བ་བཅས་ཀྱི་མཛེས་སྡུག་གི་ཁོར་ཡུག་ནས་བདེ་སྐྱིད་ཚོར་སེམས་ཀྱིས་ཁེངས་པར་བྱེད་དགོས།

བཞི་ནི་རི་ཆུ་ནགས་གསུམ་དང་ཞིང་ལས། རྩྭ་ཐང་བཅས་ནི་ཚེ་སྲོག་གི་ཐུན་མོང་སྒྲིག་གཞིའི་སྤྱི་ཡོངས་ཀྱི་མ་ལག་ཡིན་པའི་ལྟ་བ་རྒྱུན་འཁྱོངས་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“རི་ཆུ་ནགས་གསུམ་དང་ཞིང་མཚེའུ་རྩྭ་ཐང་”སྐོར་གྱི་ཚན་རིག་དང་མཐུན་པའི་ཆོད་གཏམ་གྱིས་སྐྱེ་ཁམས་ཁོར་ཡུག་མ་ལག་ནང་གི་མ་ལག་ཁག་དང་། གྲུབ་ཆ་ཁག  རྒྱུ་རྐྱེན་གཙོ་བོ་ཁག་བཅས་བར་གྱི་གཏན་ཚིགས་ཀྱི་འབྲེལ་བ་གསལ་སྟོན་གཏིང་ཟབ་བྱས་ཡོད་པས། འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གཞི་རྩའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་ངེས་པར་དུ་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན། དེའི་ནང་གནས་ཀྱི་ཆོས་ཉིད་བཅས་ལ་གཞིགས་ནས་རང་བྱུང་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་དང་། རི་སྟེང་རི་འདབས། ས་སྟེང་ས་འོག་བཅས་དང་དེ་བཞིན་འབབ་རྒྱུད་ཀྱི་གོང་འོག་དང་གཡས་གཡོན་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཁྱོན་ཡོངས་ནས་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་སླར་གསོ་བྱེད་པ།  ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱས་ནས་བཅོས་སྐྱོང་གི་ཕན་འབྲས་བཟང་ཤོས་ཐོན་པར་བྱེད་དགོས།

ལྔ་ནི་ལམ་ལུགས་ཀྱི་མ་ལག་ནན་ཤོས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་ལྟ་བ་ནན་མོ་རྒྱུན་འཁྱོངས་བྱ་དགོས། ཀན་སུའུ་ཡི་མདོ་ལ་རིང་མོའི་སྐྱེ་ཁམས་གཏོར་བརླག་དང་ཆིན་ལིན་གྱི་བྱང་འདབས་ཞི་ཨན་ས་ཁོངས་སུ་སྒྲིག་འགལ་གྱིས་སྤྲོ་ཁང་ལས་པ་དང་། མུ་རིའི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་རྡོ་སོལ་སྔོག་འདོན་བྱས་པ་སོགས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་གཏོང་བའི་གནད་དོན་རྩད་ཞིབ་ཐག་གཅོད་ནན་མོ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་།  ཏང་ཀྲུང་དབྱང་གིས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་ཕོད་པ་གང་ལེགས་སྒོས་མཚོན་ཡོད། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་འཐབ་ཇུས་ཀྱི་བརྟན་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མ་ལག་མགྱོགས་པོར་བཙུགས་ཏེ། དམིགས་བསལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཡོང་བར་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

དྲུག་ནི་ཐུན་མོང་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གོ་ལ་ཧྲིལ་པོའི་གཉིས་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། སྔོན་ནས་ད་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བྱེད་པའི་མཐོང་རྒྱ་ཆེན་པོའི་ནང་བཅུག་ནས་ཧུར་ཐག་སྒོས་སྐུལ་འདེད་བཏང་བས། དེ་ཉིད་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་བྱ་སྤྱོད་དུ་གྱུར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། ང་ཚོས་ངེས་པར་དུ“སའི་གོ་ལའི་མཐའ་སྣེ་གསུམ་པའི”མཐོ་ཚད་ནས་གནད་དོན་ལ་བསམ་གཞིག་བྱས་ཏེ་ཐབས་ཇུས་བཏོན་ནས་བྱ་བ་བསྒྲུབ་པ་དང་།མཚོ་བོད་ས་མཐོར་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་མཚོ་སྔོན་གྱི་བྱ་སྤྱོད་ནང་འགན་འཁྲི་འཁུར་ཕོད་པ། ས་མཐོའི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོབ་ཡག་པོ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

རྗེས་ཕྱོསགས་ཀྱི་དུས་སྐབས་ཤིག་གི་རིང་ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ།དེ་བཞིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་བཅས་ཀྱི་བཀོད་སྒྲིག་གསར་ཤོས་ལ་གཞིགས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་བསམ་ཕྱོགས་གསར་པ་སྔར་བས་གསལ་པོ་བཟོས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་གྱི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་དགོས། རྩ་བ་དམ་འཛིན་བྱེད་དགོས་པ་སྟེ། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། དམིགས་ཚད་ལ་དམ་པོར་དམིགས་ཏེ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་མཚོ་སྔོན་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་།སྤྱིའི་བཀོད་སྒྲིགདམིགས་ཚད་གཙོ་བོ། 2035ལོའི་རྒྱང་རིང་དམིགས་ཚད་བཅས་ལ་དམིགས་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་མངོན་གསལ་ཡོང་བ་བྱེད་པ་དང་། བསམ་ཕྱོགས་ཁ་གསལ་བཟོ་དགོས་པ་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་།“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ཇེ་བརྟན་དུ་གཏོང་བ།“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ལ་གཞི་ཚུགས་པ།“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བའི་བྱ་བའི་བསམ་ཕྱོགས་ལྟར་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ཡག་པོར་བསྐྱོད་དགོས།

གཅིག་ནས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་ཡིན་པར་གཡོ་འགུལ་མི་ཐེབས་པ་རྒྱུན་འཁྱོངས་བྱ་དགོས། མཚོ་སྔོན་དུ་སྐྱེ་ཁམས་སྲུང་སྐྱོབ་མ་བྱས་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ་པ་དང་ཡུན་རིང་ལ་བསམ་བློ་གཏོང་མི་ཐུབ་པ། རྩ་བ་འཛིན་མི་ཐུབ་པ་བཅས་ཀྱིས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་སྔོན་ལ་འཇོག་པ་དང་མཚོ་སྔོན་སྐྱོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་གསར་གཏོད་དང་འཐུས་ཚང་དུ་བཏང་ཡོད། ང་ཚོས་ཕྲག་ཏུ་བབས་པའི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་གལ་ཆེན་ལ་ངོས་འཛིན་གསལ་པོ་བྱས་ནས། གནད་དོན་དང་བྱ་བ་སྒྲུབ་སྐབས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་དང་འབད་འབུངས་ཡར་བརྩོན་གྱི་ངར་སེམས་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་དང“རྨ་འབྲི་རྫ་གསུམ་འབྱུང་ཁུངས”ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

གཉིས་ནས“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་བརྟན་པོ་འཛུགས་དགོས། མིག་སྔར་རང་རེའི་ཞིང་ཆེན་གྱི་ཁོར་ཡུག་གི་ཐེག་ནུས་ཚོད་འཛིན་གྱི་རྒྱུ་རྐྱེན་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་མོད། ཡིན་ནའང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་ངེས་པར་དུ་ཡག་པོར་བསྐྱོད་དགོས།  དེར་བསྐྱོད་ཐུབ་པའི་ཡིད་ཆེས་ཡོད་དགོས་ལ་དེ་བས་ཀྱང་བྱ་སྤྱོད་སྤེལ་དགོས། ང་ཚོས་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་ཇེ་མཐོར་གཏོང་བ་དང་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གཙོ་བོར་གྱུར་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་གང་མགྱོགས་ཀྱིས་འཛུགས་པར་དམིགས་ཏེ།“རི་སྔོ་ཆུ་དྭངས་”ནས་“གསེར་རི་དངུལ་རིར་”བསྒྱུར་བའི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་དགེ་མཚན་དེ་ཐོན་ལས་ཀྱི་དགེ་མཚན་དང་དཔལ་འབྱོར་གྱི་དགེ་མཚན། འཕེལ་རྒྱས་ཀྱི་དགེ་མཚན་བཅས་སུ་བསྒྱུར་བར་འབད་བརྩོན་བྱ་དགོས།

གསུམ་ནི་ཆོས་ཤོས་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དམ་པོར་འཛིན་དགོས། སྐྱེ་ཁམས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས་སྐྱེ་ཁམས་རིན་ཐང་གི་གནས་ཐང་སྲུང་འཕར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་དེ་བས་མང་བ་མཁོ་འདོན་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། སྐྱེ་ཁམས་རང་རྟོགས་ཇེ་མཐོར་གཏོང་བ་དང་།སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཆེ་ཤོས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས། སྐྱེ་ཁམས་རང་སྟོབས་མངོན་འགྱུར་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས་གསར་བ་བདུན”ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

བཞི་ནི་“ཏན་ཏིག་བཞི་”ཡི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རྒྱལ་ཁབ་ཀྱི་སྤྱི་གླིང་དང་དྭངས་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་དོན་བཅས་རྒྱུན་འཁྱོངས་དང་དམངས་འཚོ་ལེགས་བཅོས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་ཀ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་རྣམས་ནམ་མཁའ་སྔར་ལས་སྔོ་ཞིང་དྭངས་བ་དང་ས་གཞི་སྔར་ལས་ལྗང་མདོག་ལྡན་པ། ཆུ་མོ་སྔར་ལས་དྭངས་ཤིང་གཙང་བ། སྐྱེ་ཁམས་སྔར་ལས་མཛེས་སྡུག་ལྡན་པ་བཅས་ཀྱི་ཁོར་ཡུག་ཏུ་འཚོ་བ་སྐྱེལ་དུ་འཇུག་དགོས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་རི་གཙང་ཆུ་དྭངས་ཀྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་མུ་རི་གཏེར་ཁུལ་གྱི་ཁྲིམས་དང་མི་མཐུན་པའི་རྡོ་སོལ་སྔོག་འདོན་གནད་དོན་དཔྱད་གཞིའི་མེ་ལོང་དུ་འཛིན་པ། ལོ་གསུམ་གྱི་བྱ་སྤྱོད་ཕྱོགས་བསྡུས་བཅོས་སྐྱོང་ནང་གཏན་འཁེལ་བྱས་པའི་ལས་འགན་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཕྱིར་ལྡོག་བསམ་འཆར་དག་ཐེར་དམ་འཛིན་ཡག་པོ་བྱེད་པ། སྤྱོད་ཚུལ་མངོན་གསལ་ཡིན་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་ཚད་དང་མཐུན་པའི་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས།

                                                                                                            ལོ་ཙཱ་བ། གཡང་འབུམ་རྒྱལ།