ཏང་གི་རྒྱལ་ཁའི་ཉམས་མྱོང་རྒྱུན་འཛིན་བྱས་ཏེ།  རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་དགོས།
2021.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

—ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་དམག་ཡོངས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“འདས་ཟིན་པའི་འབད་བརྩོན་གྱི་ལམ་བུར་ཕྱིར་ལྟ་དང་།  མདུན་ཕྱོགས་ཀྱི་འབད་འབུངས་ལམ་བུར་རྒྱང་ལྟ་བྱས་ཏེ།  ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ནས།  ཏང་གི་རྒྱལ་ཁའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས། ”

ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་།  ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེར་དམག་ཡོངས་ཀྱི་དཔུང་སྡེ་རུ་ཚུར་སྣང་དྲག་པོ་བྱུང་།

རྒྱ་ཆེའི་དཔོན་དམག་ཚོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ལོ་རྒྱུས་སློབ་སྦྱོང་དང་། ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཡིད་ཆེས་ཆེ་རུ་གཏོང་བ། སྤྱོད་བཟང་ལ་མཐོང་ཆེན་བྱེད་པ། ལག་ལེན་ལ་འབད་འཐབ་བྱེད་པ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བསམ་བློར་གོ་རྟོགས་ལྡན་པ། བྱ་བ་དངོས་སྒྲུབ་པ། བྱ་ཐབས་གསར་བ་གཏོད་པ་བཅས་བྱས་ནས། དཔའ་ངར་ཆེར་བསྐྱེད་ངང་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་རླབས་པོ་ཆེའི་ནང་ཞུགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཧུར་ཐག་གིས་གཏོད་དགོས་ཟེར།

ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས།

བྱང་རྒྱུད་འཐབ་ཁུལ་ཆབ་སྲིད་ལས་དོན་པུའུ་དྲིལ་སྒྲོག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཏུའུ་ཧྲན་གོ་ཡིས་བཤད་རྒྱུར། ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་དང“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་གནད་འགག་གི་དུས་སུ་སླེབས་ཡོད། ཏང་ཡོངས་ཀྱིས་གཅིག་བསྡུས་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་བ་དེ་ནི་དུས་ལ་འཁེལ་བ་དང་ཧ་ཅང་དགོས་ངེས་ཤིག་རེད།  ང་ཚོས་གཡུལ་འགྱེད་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

“ང་ཚོའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་རྒྱུན་མི་ཆད་པར་གཏོང་བའི་ལོ་རྒྱུས་ཤིག་དང་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་གསར་གཏོད་བྱེད་པའི་ལོ་རྒྱུས་ཤིག་རེད།” དུས་ཡུན་རིང་པོར་ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧྲི་པོ་པོས་བཤད་རྒྱུར། ལོ་ངོ་བརྒྱ་ཡི་རིང་ལ། ང་ཚོའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། རྨང་གཞི་བརྟན་པོར་གཏོང་བ་དང་གཞུང་དྲང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་བཏོད་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད་ཟེར།

མཚོ་དམག་གྲུ་འདེགས་མཁའ་སྐྱོད་དམག་ནི་མཚོ་དམག་གི་དམག་འཐབ་སྟོབས་ཤུགས་གསར་པའི་འཐུས་མི་དང་མཚོ་དམག་གི་འཐབ་ཇུས་གཞན་སྒྱུར་གྱི་གདོང་ལེན་པ་ཞིག་ཡིན།  དཔུང་སྡེའི་རུ་གཙོ་ཀྲང་ཡེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ཡང་ཡང་བྱས་རྗེས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། མཚོ་དམག་གི་གྲུ་ཐོག་མཁའ་སྐྱོད་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཧུར་ཐག་གཏོད་དགོས་ཟེར།

དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་འཕྲུལ་སྒུལ་ཉིང་ལག་རུ་ཁག་དང་པོའི་ཡན་ལག་རུ་ཁག་གི་རུ་དཔོན་ཨེ་ཅོན་གྱིས་བཤད་རྒྱུར།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་མྱོང་བའི་དམག་དཔུང་ཞིག་གི་ངོས་ནས། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་ཏང་གི་བླ་ན་མེད་པའི་ཕུགས་བསམ་དང་རླབས་ཆེན་གྱི་གྲུབ་འབྲས་ལ་བརྟེན་ནས་བློ་དཀར་སེམས་དཀར་དང་སྦྱོང་བརྡར་གྱི་སྙིང་སྟོབས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་ཉམས་མྱོང་དང་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཐོག་ནས་སྤྱོད་ཚུལ་བཟང་པོ་གསར་གཏོད་དང་དམག་འཐབ་ལས་རྣམ་པར་རྒྱལ་བའི་འཇོན་ཐང་ཆེ་རུ་བཏང་སྟེ། ཧུར་ཐག་གིས་རྒྱལ་སའི་བརྟན་བརླིང་སྲུང་སྐྱོབ་ལ་འབད་པ་བྱེད་དགོས་ཟེར།

ཐོག་མཐའ་བར་གསུམ་དུ་རྩ་བའི་དམིགས་ཡུལ་ཡིད་ལ་བརྟན་པོར་བཅངས་ནས། མི་དམངས་དམག་དཔུང་གི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་གནས་པ་བྱེད་དགོས།

ཤོག་སྒྲིག་དཔུང་ཚོགས་ཨང་གྱ་གཉིས་པའི“དམར་དམག་བརྒྱ་ཤོག་བཅུ་པ”ནི1928ལོའི་ཟླ་ལྔ་པར་ཝེ་ཧྭ་འོས་ལངས་སྐབས་བཙུགས་པ་དང་། དེ་ནི་སྲོལ་རྒྱུན་བཟང་པོ་ལྡན་པའི་དམར་དམག་བརྒྱ་ཤོག་ཅིག་རེད།  ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས། བརྒྱ་ཤོག་གི་སློབ་སྟོན་པ་ལིག་ལིན་ཐའོ་ཡིས་བཤད་རྒྱུར། མི་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཚེ་ང་ཚོའི་ཏང་དང་མི་དམངས་དམག་དཔུང་གིས་དཀའ་ངལ་གང་རུང་ཁྱད་བསད་བྱེད་ཐུབ་པ་དང་རྒྱལ་ཁ་ཆེན་པོ་ལེན་ཐུབ།  ང་ཚོས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཡིད་ལ་བརྟན་པོར་བཅངས་ནས་མི་དམངས་དམག་དཔུང་གི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་མི་ཉམས་པ་བྱ་དགོས།

འབུམ་ཤོག་ཆེ་མོ་ཨང79པའི་སྟོང་ཤོག་གཅིག་དང་། མེ་ཤུགས་འཕུར་མདའི་དམག་དཔུང་གི་རྟེན་གཞི་ག་གེ་མོ། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ཚན་པ་ག་གེ་མོ། དྲག་ཆས་ཉེན་རྟོག་ཧི་པེ་སྤྱི་ཁྱབ་རུ་ཁག་ཧིན་ཧྲོས་ཡན་ལག་རུ་ཁག་གི་དཔོན་དམག་བཅས་ཀྱིས་དམག་འཁྲུག་གི་ལོ་རབས་ཡིན་ནའང་འདྲ་ཡང་ན་ཞི་བདེ་འཛུགས་སྐྲུན་གྱི་དུས་སྐབས་ཡིན་ནའང་འདྲ། མི་དམངས་བུ་སྤུན་དམག་གིས་ཐོག་མཐའ་བར་གསུམ་དུ་རང་དམག་གི་དམིགས་ཡུལ་ལག་ལེན་ཧུར་ཐག་བྱས་ནས། དམག་དམངས་ཉ་ཆུ་ལྟ་བུའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་དགོས་ཞེས་ཟེར།  དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཁྲོད། དམག་ཡོངས་ཀྱིས་དམག་དོན་ལས་འགན་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་དབུལ་ཕོངས་སྡེ་བ་སྟོང་བཞི་དང་བརྒྱ་ཡོད་ལ། བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་འབུམ་གཉིས་དང་ཁྲི་དགུ་སྟོང་གསུམ་དང་། དབུལ་ཕོངས་མང་ཚོགས་འབུམ་དགུ་དང་ཁྲི་གཉིས་སྟོང་བཞི་ཚང་མ་དབུལ་ཐར་མངོན་འགྱུར་བྱུང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་དང་། དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་མི་སྣ་ཏིན་མིན་ཐིང་གིས་སྤྲོ་བ་རབ་ཏུ་འཕེལ་ནས་ཆེད་མངགས་སྙན་ངག་རིང་པོ《དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས》ཞེས་པ་བརྩམས་པ་རེད།

“ང་ཚོའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་ལོ་རྒྱུས་ཤིག་དང་། ཏང་དང་མི་དམངས་གཅིག་སེམས་གཅིག་གཏད་དང་། དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་ལོ་རྒྱུས་ཤིག་རེད།” རྒྱ་ཆེའི་དཔོན་དམག་ཚོས་བསྟན་དོན། སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་བློ་ལ་བརྟན་པོ་ངེས་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩི་བ་བཅས་བྱས་ནས། མི་དམངས་དམག་དཔུང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། དམར་དམག་རྒན་གྲས་ཀྱི་སྲོལ་རྒྱུན་ནམ་ཡང་མི་བསྐྱུར་བ། དཀའ་སྤྱད་འབད་འཐབ་ཀྱི་ཆབ་སྲིད་རང་བཞིན་ནམ་ཡང་མི་འགྱུར་བ་བཅས་བྱེད་དགོས།

ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ལེགས་སྒྲུབ་འགན་ལེན་བྱེད་དགོས།

དྲ་རྒྱའི་ཐོག་ནས་ཆེད་དོན་སློབ་སྦྱོང་བྱེད་པ་དང་།“ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་སྒྲོག་འགྲེལ་ཡན་ལག་རུ་ཁག”བཙུགས་ནས་གཞི་རིམ་བརྒྱ་ཤོག་ཏུ་གཏིང་ཟབ་སྒོས་ལག་བསྟར་བྱས། ཉེ་ལམ།  འབུམ་ཤོག་ཆེ་མོ74པའི“རུས་པ་མཁྲེགས་པོའི་བརྒྱ་ཤོག་དྲུག་པའི”གནས་ཡུལ་སྟོང་ཤོག་དམག་མིས་དམག་དོན་བཤད་པ་དང་། དམག་མིས་དམག་མིར་འཁྲབ་སྟོན་བྱེད་པ། དམག་མིས་དམག་མིར་ལན་འདེབས་པ། དམག་མིས་དམག་མིར་སྦྱོང་བརྡར་བྱེད་པ་སོགས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འཁྲབ་སྟོན་བྱེད་སྟངས་བརྒྱུད་དེ། ཏང་གི་ལོ་རྒྱུས་གཏམ་རྒྱུད་དང་དམག་མིའི་སྐད་ཆ་སློབ་སྦྱོང་། ཚོར་ཤེས་ལ་བརྟེན་ནས་དཔོན་དམག་མི་རེ་ངོ་རེར་བརྒྱུད་སྤྲོད་བྱས་ཏེ་ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་རེད།  སྟོང་ཤོག་གི་ཆབ་སྲིད་ཨུ་ཡོན་ཁྲིན་ཀྲིན་ཡུས་ཀྱིས་བཤད་རྒྱུར། ང་ཚོས་སྔར་བཞིན་ཏང་གི་ལོ་རྒྱུས་དང་དམག་མིའི་ལོ་རྒྱུས་ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ། དཔོན་དམག་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ཤེས་སུ་འཇུག་པ་དང་། ཐོག་མའི་བསམ་འདུན་བྱ་སྤྱོད་སྟེང་ལག་ལེན་བྱེད་པ། ལས་འགན་དམག་འཐབ་ཀྱི་གནས་བབ་ཐོག་འཇོག་པ་བཅས་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

“གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི”སློབ་གསོའི་རྟེན་གཞི་བཙུགས་པ་དང་། དཔོན་དམག་སྒྲིག་འཛུགས་བྱས་ནས་གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར་བྱེད་པ། གསར་བརྗེའི་རིག་དངོས་ལ་ལྟ་སྐོར་བྱེད་པ་སོགས་འབུམ་ཤོག་ཨང་80པའི་བཅའ་སྡོད་བྱ་ཡུལ་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱས་ནས་དཔོན་དམག་ཚོར་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུའི་ཁྲིད་སྟོན་བྱས་པས། དཔོན་དམག་ཚོའི་ཕུགས་བསམ་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་དམག་སྦྱོང་དང་དམག་གྲབས་ཀྱི་སྤྲོ་སེམས་རྒྱུན་མཐུད་ངང་འཕེལ་ཡོད།  སྟོང་ཤོག་གི་འགོ་ཁྲིད་ཀྱིས་བསྟན་དོན། གོ་རིམ་རྗེས་མར་ཁོ་ཚོས་དོན་དངོས་ལ་གཞི་ཚུགས་པ་དང་དྲང་བཞག་གསར་སྐྲུན་བྱས་ནས། གཞོན་ནུ་དཔོན་དམག་གི་ཁྱད་ཆོས་དང་འཚམ་པའི་སློབ་གསོ་གཏོང་སྟངས་དང་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གིས་གཏོང་རྒྱུ་ཡིན་ཟེར།

དམག་བསྡུའི་ལས་དོན་གྱི་བརྙན་རིས་ཚོགས་འདུར་ཞུགས་མ་ཐག་པའི་ཅང་སུའུ་ཞིང་ཆེན་ལན་ཡུན་གྲུ་ཁའི་ཧའེ་ཀྲིག་ཆུས་མི་དམངས་དྲག་རྩལ་པུའུ་ཆབ་སྲིད་ཨུ་ཡོན་ཧའོ་ལིས་ཀྱིས་བཤད་རྒྱུར། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་ཡུལ་དམག་གི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ནང་འཇུག་དགོས་པ་དང་། སློབ་གསོའི་རྣམ་པའི་ཐད་ཆེད་དོན་རང་བཞིན་གྱི་སློབ་གསོ་དང་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་གཉིས་སུ་དབྱེ་དགོས།  སློབ་གསོའི་དུས་སྐབས་སུ་ཡུལ་དམག་རུ་ཁག་ཏུ་ཞུགས་པ་དང་། སྦྱོང་བརྡར་བྱེད་པ། ལས་འགན་སྒྲུབ་པ། རྒྱལ་ཁབ་ཀྱི་གལ་ཆེའི་དྲན་གསོའི་ཉིན་མོ་དང་དེ་བཞིན་དུས་ཆེན་དང་ངལ་གསོའི་དུས་སྐབས་བེད་སྤྱད་དེ་ཞིང་སྡེ་རུ་ལོག་པ།  བྱེད་སྒོ་སྤེལ་བར་གཞོགས་འདེགས་བྱས་ནས་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། ཤེས་བྱའི་འགྲན་བསྡུར། རྩོམ་བསྡུའི་འགྲན་བསྡུར་བཅས་ལ་ལྟ་སྐོར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་དམངས་དམག་ཁྲོད་ཚ་ཚ་འུར་འུར་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱ་དགོས་ཟེར།

གནམ་མཆོང་དམག་སྟོང་ཤོག་ག་གེ་མོ་དང་། མེ་ཤུགས་འཕུར་མདའི་དམག་དཔུང་གི་སྟོང་ཤོག་ག་གེ་མོ། ཀྲིན་ཀྲིག་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་ཀྱི་མཛོད་ཁང་ཞིག་གི་དཔོན་དམག་བཅས་ཀྱིས་བསྟན་དོན། བསམ་བློའི་གནས་ཐིག་མཐོ་རུ་མཐའ་གཅིག་ཏུ་གཏོང་བ་དང་། དོན་དངོས་ལ་རྐང་ཚུགས་པ། དྲང་བཞག་གསར་སྐྲུན་བཅས་བྱས་ནས་ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་གསོའི་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱས་ཏེ། ཚད་གཞི་མཐོ་ལ་སྤུས་ཚད་མཐོན་པོས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ལེགས་སྒྲུབ་བྱ་རྒྱུར་ཁག་ཐེག་བྱེད་དགོས།

རྒྱ་ཆེའི་དཔོན་དམག་ཚོས་བསྟན་དོན།  ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱས།  ལོ་རྒྱུས་ཀྱི་ཆོས་ཉིད་སྔར་ལས་ལེགས་པར་ཁོང་དུ་ཆུད་པ་བྱས་ཏེ།  མདུན་སྐྱོད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རང་རྟོགས་ཀྱི་སྒོ་ནས་ལོ་རྒྱུས་ཁྲོད་ནས་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། དུས་རབས་གསར་པའི་ནང་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་དང་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲས་ཞིག་ཏུ་ཁྱོན་ཡོངས་ནས་བསྐྲུན་ཆེད། འབད་འཐབ་ཧུར་ཐག་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་སྟེང་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བསུ་བ་བྱེད་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།