ཞོགས་པ་སྔ་མོར། གསེར་མདོག་གི་ཉི་འོད་དེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཆེན་མོའི་ཕང་པར་དྲོད་འཇམ་གྱིས་འཕྲོས་ཤིང་བགྲང་ཡས་པའི་རྟ་ནོར་ལུག་གསུམ་རྩྭ་ཐང་ཆེན་མོའི་སྟེང་དུ་བག་ཕེབས་ངང་རྒྱུ། རུ་སྡེ་དག་གི་མཁའ་དབྱིངས་སུ་དུད་སྤྲིན་སྲབ་མོ་ཞིག་ལྷོད་ཀྱིས་འཁྱིལ་བའི་དྭངས་གཙང་གི་ཞོགས་པ་དེས་གཅིག་སྒྲིལ་རྩྭ་ཐང་ཆེན་མོར་ཡང་བསྐྱར་ཉིན་མོ་གསར་བ་ཞིག་བསུ་བཞིན་འདུག
ཞོགས་པར་གཅིག་སྒྲིལ་རྫོང་ཐོག་ནས་ལམ་ལ་ཆས་ཏེ་རྒྱལ་ལམ་དེད་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་90ལྷག་ཙམ་བསྐྱོད་ཅིང་། དེ་ནས་ས་བབ་ཀྱི་མཐོ་ཚད་ལ་སྨི་4000ཡན་ཡོད་པའི་ཉག་ཁ་ཞིག་བརྒལ་རྗེས་ང་ཚོ་གཞི་ནས་ཐེངས་འདིའི་དམིགས་ཡུལ་ཏེ་དཔལ་ཡུལ་ཡུལ་ཚོ་ཁོ་སག་སྡེ་བར་ཐོན།
ཁོ་སག་སྡེ་བ་ནི་ས་བབ་མཐོ་ཞིང་གནམ་གཤིས་འཁྱགས་ལ་འགྲིམ་འགྲུལ་སྟབས་བདེ་མིན། ཕྱུགས་ལས་ནི་གནས་དེའི་ཐོན་ལས་རྟེན་གཞི་གཙོ་བོར་གྱུར་ཡོད། སྡེ་བ་ཡོངས་ལ་ཁྱིམ་ཚང་198དང་མི་གྲངས་842ཡོད་པའི་ནང་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་71དང་མི་གྲངས་342ཡོད་པ་རེད། གསར་འགོད་པ་སྡེ་བའི་རྩམ་འཐགས་བཟོ་གྲྭའི་ནང་ཕྱིན་པ་ན་ཁང་པའི་ནང་གི་དྲོད་ཚད་ཏུའུ་གྲངས་སོ་བརྒྱད་ཙམ་དུ་སླེབས་ཡོད་ཅིང་། ལས་བཟོ་བ་རེ་འགའ་ནས་བརྔོ་བའི་ལས་ལ་བྲེལ་བཞིན་འདུག
བཟོ་གྲྭའི་འགན་འཁུར་བ་གདུགས་དཀར་རྒྱལ་གྱིས་བྱང་ཆ་ལྡན་པའི་སྒོ་ནས་འཐག་ཟིན་པའི་རྩམ་པ་རྣམས་ཁུག་མར་བླུགས་ནས་སྣོད་ཁ་བཟོ་བཞིན་འདུག གཟུགས་དེ་འདྲ་རིང་རྒྱུ་མེད་པའི་བོད་རིགས་ཕོ་གསར་དེས་རྒྱ་སྐད་ཀྱི་ལམ་ནས་ང་ཚོར་ངོ་སྤྲོད་བྱས་པ་ལྟར་ན། བཟོ་གྲྭ་དེ་ནི་2016ལོའི་ཟླ་9པར་བཙུགས་པ་ཞིག་ཡིན་ཞིང་། བཟོ་གྲྭ་དེ་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་ཁོ་སག་སྡེ་བའི་དབུལ་ཐར་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དེ་དག་སྡེ་མི་གཞན་དང་མཉམ་དུ་ཕྱུག་འགྱུར་གྱིས་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུ་དེ་རེད།
ཉེ་བའི་ལོ་ཤས་རིང་དཔལ་ཡུལ་ཡུལ་ཚོས་དངོས་ཕུང་ཁེ་ལས་དང་ཐོན་ལས་ལས་གཞའི་མ་དངུལ། དབུལ་ཕོངས་ཁྱིམ་ཚང་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་པ་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཡོང་ཁུངས་གསར་པ་ཡོད་པར་མ་ཟད་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་ཐད་འཕར་སྣོན་ཆེན་པོ་བྱུང་།
གདུགས་དཀར་རྒྱལ་གྱིས་བཤད་རྒྱུར། ང་ཚོས་སྔོན་ལ་ནས་བརྔོས་རྗེས་ལས་བཟོ་བ་རྣམས་ཀྱིས་རྡོ་འཐག་བྱེད་པ་དང་དེའི་རྗེས་སུ་མངགས་ཐོ་ལྟར་ཕྱིར་འཚོང་བྱེད་ཀྱི་ཡོད། རྩམ་པ་འཐག་རྗེས་གཅིག་སྒྲིལ་རྫོང་དམངས་སྲིད་ཅུའུ་ལ་ཆེད་མངགས་མཁོ་འདོན་བྱེད་ཀྱི་ཡོད། ན་ནིང་ཁྱོན་སྡོམ་རྩམ་པ་ཏུན་200ཐོན་སྐྱེད་དང་ལས་སྣོན་བྱས་པ་དང་། ལས་སྣོན་བྱས་པའི་རྩམ་པ་དེ་དག་སྐབས་རེར་ཐག་རིང་ན་ཐར་ཐོར་དུ་གནས་པའི་འབྲོག་ཁྱིམ་དེ་དག་ཀྱང་ཆེད་དུ་ཡོང་ནས་ཉོ་བཞིན་ཡོད་ཟེར།
སུ་ཞིག་གི་བློ་ཡིད་དུ་ཡང་མི་འཁོར་བ་ཞིག་ནི་གཞི་རྒྱ་ཆེ་རྒྱུ་མེད་པའི་རྩམ་འཐག་བཟོ་གྲྭ་དེ་ལ་ས་གནས་དེ་རུ་གྲགས་སྐད་ཆེན་པོ་ཡོད་ལ་བཟོ་གྲྭ་དེ་རུ་ལས་སྣོན་བྱས་ནས་ཐོན་པའི་རྩམ་པས་ད་དུང་ས་གནས་དེའི་རྩམ་པའི་དགོས་མཁོ་བསྐང་ཐུབ་ཀྱི་མེད།
ལས་སྣོན་མ་བྱས་པའི་ནས་རྒྱ་མ་གང་གི་རིན་གོང་སྒོར་གསུམ་དང་ཞོ་ལྔ་ཙམ་ཡིན་པ་དང་ལས་སྣོན་བྱས་རྗེས་རིན་གོང་ལྡབ་གཅིག་འཕར་ཡོད། ད་ལྟ་ཐོན་ཚད་མང་དུ་ཕྱིན་པ་དང་མཉམ་དུ་ཡོང་འབབ་ཀྱང་མང་དུ་འགྲོ་བཞིན་ཡོད་པར་མ་ཟད་མི་མང་པོ་ཞིག་གི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱེད་ཐུབ་ཅེས་གདུགས་དཀར་རྒྱལ་གྱིས་བཤད།
ཁོ་སག་སྡེ་བའི་མཉམ་ལས་ཁང་དེས་ཚོང་རའི་རིན་གོང་ལས་མཐོ་བར་བྱས་ཏེ་སྡེ་མི་རྣམས་ཀྱི་ནས་ཉོ་སྒྲུབ་བྱེད་པ་དང་ལས་སྣོན་བྱས་རྗེས་སུ་སྤུས་ལེགས་ཟོང་རྟགས་ལྟར་བྲིན་ཚོང་བྱེད་ཀྱི་ཡོད། དེ་ལས་ཁེ་སྤོགས་ཁག་གཅིག་མ་རྐང་ནང་ཞུགས་པའི་བསྡུར་ཚད་ལྟར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་རྒྱུའི་ཐད་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་ཁེ་སྤོགས་ལྷག་མ་རྣམས་དབུལ་ཕོངས་ཁྱིམ་ཚང་དང་དེ་བཞིན་འབྲོག་ཁྱིམ་དཀྱུས་མ་དག་ལ་བགོ་བཤའ་རྒྱག་གི་ཡོད།
རྩམ་འཐག་བཟོ་གྲྭ་དེས་ད་དུང་སྡེ་བ་དེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ལྔ་ལ་དུས་ཡུན་རིང་པོར་བཟོ་གྲྭའི་འཁོར་ཁང་དུ་ལས་ཀ་བྱེད་དུ་འཇུག་བཞིན་ཡོད་ཅིང་། སྐར་མ་ལྷ་མོ་ནི་དེའི་གྲས་ཀྱི་གཅིག་རེད། མོ་ལ་ཐུམ་འབུའི་ནད་ཕོག་ཡོད་པས་ཕྱི་རུ་ཞོར་ལས་སུ་འགྲོ་མི་ཐུབ་པས་སྡེ་བའི་རྩམ་འཐག་བཟོ་གྲྭ་རུ་ལས་ཀ་བྱས་ནས་ཟླ་རེར་ཡོང་འབབ་སྒོར་2400ལྷག་ཙམ་ལེན་བཞིན་ཡོད་པ་རེད།
སྐར་མ་ལྷ་མོས་བཤད་རྒྱུར། ང་རང་ནད་གཞིའི་དབང་གིས་དབུལ་པོར་གྱུར་པ་དང་2015ལོར་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ནང་བཞག་པ་ཡིན། 2018ལོར་ང་ཡུལ་ཚོ་སྲིད་གཞུང་གི་ཉེ་འགྲམ་དུ་གནས་སྤར་བ་ཡིན། ཁང་པ་ནི་སྲིད་གཞུང་གིས་བསྐྲུན་པས་མི་སྒེར་གྱིས་མ་དངུལ་ཅི་ཡང་བཏང་མེད། གནས་འདིར་ཡོང་རྗེས་སུ་ང་རང་ད་དུང་རྩྭ་ཐང་དོ་དམ་པ་བྱས་པས་ལོ་རེར་བཞིན་ཡོང་འབབ་སྒོར་མོ་ཁྲི་གཉིས་ལྷག་ཙམ་ཡོད་པ་དང་། སྡེ་བའི་ནང་དུ་དབུལ་སྐྱོར་ཐོན་ལས་རྟེན་གཞི་བཙུགས་རྗེས་ང་རང་ཡང་རྩམ་འཐག་བཟོ་གྲྭའི་ལས་བཟོ་པ་ཞིག་ཏུ་གྱུར་ནས་ཟླ་རེར་ཟླ་ཕོགས་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་བགོ་བཤའ་རྒྱག་རྒྱུ་ཡོད་པས་ལོ་གཅིག་གི་ཁྱིམ་གྱི་ཡོང་འབབ་དེ་བསྡོམས་འབོར་སྒོར་ཁྲི་བདུན་ཙམ་ཟིན་གྱི་ཡོད་ཟེར།
སྡེ་བའི་ལས་སྣོན་བཟོ་གྲྭས་ང་རང་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱེད་ཐུབ་པར་གྱུར་བ་མ་ཟད། ད་དུང་སྡེ་མི་ཚོར་ལོ་རེ་བཞིན་ཡོང་འབབ་བརྟན་པོ་ཡོད་པ་རེད། འདི་འདྲའི་འཚོ་བ་ཡག་པོ་ཞིག་རོལ་རྒྱུ་ནི་སྔོན་ཆད་ཡིད་ལའང་དྲན་མ་མྱོང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་མེད་ན་ང་ཚོ་ལ་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་གཞི་ནས་ཡོད་མི་སྲིད་ཅེས་སྐར་མ་ལྷ་མོས་བཤད།
གསར་འགོད་པས་བཅར་འདྲི་བྱེད་སྐབས་རྒྱུས་ལོན་བྱུང་བ་ལྟར་ན། རྩམ་འཐག་བཟོ་གྲྭ་དེས་དབུལ་སྐྱོར་དམངས་ཕན་དང་ཞིང་སྡེ་དར་རྒྱས་སུ་གཏོང་བར་དམ་པོར་དམིགས་ནས། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ལ་སྔོན་ལ་བཙོང་བ་དང་སྔོན་ལ་ལས་སྣོན་བྱེད་པ། སྔོན་ལ་བཟོ་གྲྭར་ལས་ཞུགས་བྱེད་དུ་འཇུག་པ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་སྔོན་ལ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། ས་གནས་མང་ཚོགས་ཀྱི་ལས་སྣོན་བྱེད་དཀའ་བ་དང་ལས་སྣོན་རིན་གོང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཡོད་པ་རེད།
རྩམ་འཐག་བཟོ་གྲྭ་དེས་རྩམ་པ་དང་རྩམ་པའི་བག་ལེབ་སོགས་གནོད་སྐྱོན་མེད་པའི་ཐོན་རྫས་སྐོར་ཅིག་ཐོན་སྐྱེད་བྱས་པ་དེས་སྡེ་མི་རྣམས་ལ་ཡོང་འབབ་ཀྱི་སྒོ་མོ་ཞིག་གསར་དུ་ཕྱེས་ཡོད་པ་རེད།
ཁོ་སག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འོད་ཟེར་གྱིས་བཤད་རྒྱུར། ད་ལྟ་ང་ཚོ་སྡེ་བས་ཐོན་སྐྱེད་བྱས་པའི་རྩམ་པ་དེ་ཚོང་རའི་ནང་དུ་འཁོར་སྐྱོད་ཡག་པོ་བྱེད་བཞིན་ཡོད། ཐོན་ལས་ཀྱི་གྲུབ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེ་རུ་གཏོང་ཆེད། ང་ཚོར་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་པའི་འཆར་གཞི་ཡག་པོ་ཡོད་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ།