དཔེ་བཟང་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད།
2021.09.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཀྲང་ཅིན་མའེ་ཡི་སྔོན་ཐོན་བྱས་རྗེས་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ།

ཉེ་ལམ་མཚོ་སྔོན་ཉིན་རེ་ཚགས་པར་དང་སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་སྐོར་ཞིག་ལས་བློ་མཐུན་ཀྲང་ཅིན་མའེ་ཡི་སྔོན་ཐོན་བྱས་རྗེས་སྒྲོག་སྤེལ་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་བལྟས་ན་བློ་མཐུན་ཀྲང་ཅིན་མའེ་ཡིས་མི་ལོ་སུམ་ཅུ་ལྷག་གི་རིང་དུ་མཐོ་སྒང་དུ་རྐང་བཙུགས་ནས།  མཐོ་འཁྱགས་ས་ཁུལ་དུ་གསོན་ཐུབ་པའི་སྡོང་བོ་དང་མེ་ཏོག་གི་རིགས་ལ་སེམས་ཞིབ་མོས་ཞིབ་འཇུག་དང་གསོ་སྤེལ་བྱེད་པར་རང་ནུས་ཡོད་ཚད་ཕུལ་ནས་ལི་ཤིའི་མེ་ཏོག་གནའ་མཁར་ཟི་ལིང་དུ་མཛེས་སྡུག་གིས་བཞད་ཐུབ་པར་གྱུར་བ་ནི་ང་ཚོའི་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན། ཚང་མས་བལྟས་ན།  ཀྲང་ཅིན་མའེ་ཡི་བློ་སེམས་བརྟན་པོ་དང་དངོས་ཐོག་བདེན་འཚོལ། དཀའ་སྤྱད་མཁྲེགས་གཏོར་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། མིག་དཔེའི་སྙིང་སྟོབས་དེ་བླ་སྲོག་དང་ཁྲག་རྒྱུན་གྱི་ཁྲོད་དུ་འདྲེས་པར་བྱས་ཏེ། འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས་བྱ་སྤྱོད་དངོས་དེ་མིག་དཔེར་བཟུང་ནས་མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ཚད་དུ་བསྐྲུན་ནས།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་འབད་བརྩོན་བྱེད་དགོས།

མིག་དཔེར་བཟུང་ནས་དཀའ་སྤྱད་དངོས་སྒྲུབ་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་བཤད་བྱེད་དགོས།

བློ་མཐུན་ཀྲང་ཅིན་མའེ་ཡིས་ནགས་ལས་སྐོར་གྱི་བྱ་བ་ལོ་ངོ་སོ་གསུམ་ལ་བསྒྲུབས་པའི་རིང་།  ཤིང་ནགས་ཀྱི་རིགས་ལ་ཞིབ་འཇུག་དང་འདེམས་གསོ་བྱེད་རྒྱུར་འབད་བརྩོན་བྱས་ཏེ།  ནགས་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་སྐོར་ཞིག་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཤིང་མཚོ་སྔོན་གྱི་སྐྱེ་ཁམས་ལྗང་སྒྱུར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག

ནགས་ལས་བྱ་བ་སྟེ་ལས་རིགས་གཅིག་པའི་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་དཔྱད་འཇོག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་སུང་ཞའོ་དབྱིན་གྱིས་བཤད་རྒྱུར། བློ་མཐུན་ཀྲང་ཅིན་མའེ་ནི་མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་མིག་དཔེ་ཞིག་ཡིན་པ་དང་། ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་གཞི་རིམ་དུ་རྐང་ཚུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དཔེ་མཚོན་ཞིག་ཀྱང་རེད། ང་ཚོས་ཀྲང་ཅིན་མའེ་ཡི་སྔོན་ཐོན་དཔེ་སྟོན་གྱི་བྱས་རྗེས་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ། ཁོ་མོའི་སྙིང་སྟོབས་མིག་དཔེར་བཟུང་ནས་ནགས་ལས་དང་རྩྭ་ཐང་ལས་རིགས་ཀྱི་མི་སྣའི་སྙིང་སྟོབས་ལ་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་སྒོས་ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་ཀྱི་ལས་བྱེད་པ་ལིས་ཆིག་ཉན་གྱིས་ཀྲང་ཅིན་མའེ་ཡི་སྔོན་ཐོན་བྱས་རྗེས་ལ་ཡང་ཡང་བལྟས་རྗེས་བཤད་རྒྱུར། “ཀྲང་ཅིན་མའེ་ཡི་ཕུགས་བསམ་གྱི་ཡིད་ཆེས་དང་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་སྔོན་ཐོན་བྱས་རྗེས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་། རང་ཉིད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཐབ་ཕྱོགས་སྟེང་གི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་བློ་མཐུན་ཀྲང་ཅིན་མའེ་ལ་སློབ་སྦྱོང་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་རྒྱ་ཁྱབ་ངང་བརྒྱུད་སྒྲོག་བྱས་ནས། མི་དམངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་འདུ་ཤེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་ལྗང་མདོག་སྐྱེ་ཁམས་ཀྱི་དཔལ་ཡོན་གསར་པ་འཛུགས་སྐྲུན་བྱས་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྱིམ་གཞིས་གསར་པ་གསར་སྐྲུན་བྱེད་རྒྱུ་ཡིན”ཟེར།

“ཀྲང་ཅིན་མེ་ཡིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་ཞིག་གི་དམ་བཅའ་ལག་ལེན་དུ་བསྟར་ཏེ། ལོ་ཟླ་རིང་མོར་མཚོ་བོད་མཐོ་སྒང་གི་ལྗང་མདོག་སྲུང་འཛིན་བྱས། ”   མཚོ་སྔོན་མི་རིགས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སློབ་གླིང་གི་གླིང་གཙོ་དང་དགེ་རྒན་ཆེན་མོ་ལིས་ཅོན་ཆའོ་ཡིས་བཤད་རྒྱུར།  “མཐོ་རིམ་སློབ་གྲྭའི་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་དང་ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སློབ་གླིང་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཁུར་ཏེ། ཚན་རིག་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་མང་པོ་མེས་རྒྱལ་གྱི་ས་གཞི་ཆེན་མོའི་སྟེང་བཀྲམས་ནས། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྔར་ལས་ལེགས་སྐྱེས་གསར་བ་འབུལ་དགོས”ཟེར།

མིག་དཔེ་ལ་བལྟས་ཏེ་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པའི“ཟི་ལིང་གི་སྟོབས་ཤུགས”གཅིག་ཏུ་བསྒྲིལ་དགོས།

ཟི་ལིང་གྲོང་ཁྱེར་གྱི་ས་གནས་མང་པོ་ཞིག་ཏུ་ལི་ཤི་མེ་ཏོག་གིས་ཁེངས་པ་ནི་ད་ལྟ་ཟི་ལིང་གི་མཛེས་ལྗོངས་ཡག་ཤོས་ཀྱི་གྲས་སུ་གྱུར་ཡོད་པ་དང་།   སྔོ་ལྗང་ལྗང་གི་ལྷོ་རི་དང་བྱང་རི་གཉིས་ནི་ཟི་ལིང་གི་གཟི་བརྗིད་ཅིག་ཡིན་ལ་འདི་དག་ཚང་མ་ནི་ཀྲང་ཅིན་མའེ་ཡི་བློས་གཏོང་དང་ཁ་བྲལ་ཐབས་མེད།

ཟི་ལིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ལེ་ལེན་གྱིས་བཤད་རྒྱུར། “ཀྲང་ཅིན་མའེ་ཡིས་ཡིད་ཆེས་དེ་སྙིང་སྟོབས་སུ་བསྒྱུར་ནས་བློ་བརྟན་འགྱུར་མེད་ངང་ཕལ་བའི་ལས་རྐང་དུ་བྱས་རྗེས་ཁྱད་མཚར་ཅན་བསྐྲུན།   ཁོ་མོའི་དཀའ་ཐུབ་ཀྱི་བརྩོན་འགྲུས་དང་ཞུམ་མེད་ཀྱི་སྙིང་སྟོབས།  དཀའ་སྡུག་ལ་ཐད་ཀར་གདོང་གཏོད་ཕོད་པ། མདུན་མཆོང་དང་ཚོད་བགམ་བྱེད་ཕོད་པ་བཅས་ཀྱི་འགན་འཁྲི་ཡིས་ང་ཚོ་རིགས་གཅིག་པའི་ནགས་ལས་པ་རྣམས་ལ་སྐུལ་མ་བཏང་ཡོད། དེ་བས་ང་ཚོས་ཡིད་ཆེས་བརྟན་པོ་དང་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་རང་གི་ལང་ཚོ་དང་རྔུལ་ཆུ་དེ་གཅེས་སུ་འོས་པའི་ནགས་ལས་བྱ་བའི་སྟེང་ཕུལ་ཏེ། དེང་རབས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས ”ཟེར།

“ཀྲང་ཅིན་མའེ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་པ་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ནི། ཁོ་མོས་བདེ་སྐྱིད་ལ་ལོངས་སྤྱོད་མི་བྱེད་པར་ལོ་རེ་བཞིན་ཕྱི་རོལ་དུ་ཉིན་200ལྷག་ཙམ་ལ་ལས་ཀ་སྒྲུབ་བཞིན་ཡོད་ཅིང་།  ཆ་སྙོམས་ཀྱིས་ཉིན་རེར་སྤྱི་ལེ10ལྷག་ཙམ་ལ་རྐང་ཐང་གིས་བསྐྱོད་བཞིན་འདུག”ཅེས་ཟི་ལིང་གྲོང་ཁྱེར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་ལས་ཁང་གི་ཡན་ཡུའུ་མའེ་ཡིས་བཤད།  ཁོ་མོས་མུ་མཐུད་དུ“ང་རང་ཡང་བུད་མེད་ལས་བྱེད་པ་ཞིག་ཡིན། བྱུང་རིམ་ཕྲ་མོ་དེ་དག་གི་ཁྲོད་ནས་ཁོ་མོའི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱེད་པ་དང་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་མདུན་སྐྱོད་བྱེད་པའི་སྣང་ཚུལ་མཐོང་བྱུང་། རང་ཉིད་ཀྱིས་ཀྱང་ཀྲང་ཅིན་མའེ་དང་འདྲ་བར་རང་གི་ལས་གནས་སུ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཏང་གི་བྱ་གཞག་ལ་ཧུར་བརྩོན་བྱེད་རྒྱུ་ཡིན”ཟེར།

ཚན་རྩལ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་ནགས་ལས་བྱ་བའི་དཀའ་ཚེགས་གསལ་བོར་ཤེས་ཀྱི་ཡོད་དེ།  ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ལག་རྩལ་མི་སྣ་ཀྲང་ཐུང་ཙའོ་ཡིས་བཤད་རྒྱུར།  “ ང་ཚོས་བློ་མཐུན་ཀྲང་ཅིན་མའེ་ཡིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་སྒེར་སེམས་མེད་པར་འབད་བརྩོན་བྱེད་པ།ཞུམ་མེད་འགྲན་སློང་བཅས་ཀྱི་སྙིང་སྟོབས་ལ་དེ་བས་ཀྱང་སློབ་སྦྱོང་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་འཇོན་ཐང་དང་ནུས་པ་སྦྱོང་བརྡར་བྱས་ཏེ་རྒྱུན་ཆད་མེད་པར་གསར་འབྱེད་གསར་གཏོད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཞུགས་ནས།   མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ཚད་དུ་བསྐྲུན་ཆེད་ཚན་རྩལ་བྱ་སྒྲུབ་མཁན་གྱི་སྟོབས་ཤུགས་འབུལ་དགོས”ཟེར།

བྱ་སྤྱོད་སྟེང་ནས་གུས་འདུད་ཞུས་ཏེ་དཔེ་སྟོན་སྙིང་སྟོབས་དེ་གཙང་གསུམ་ས་གཞི་ཆེན་མོའི་ཐོག་ཁྱབ་པར་བྱེད་དགོས།

མཐོ་སྒང་གི་ཤིང་རིགས་སྤུས་དག་དང་ལི་ཤི་མེ་ཏོག་གི་རིགས་སྐྱེད་སྲིང་དང་སྲུང་སྐྱོང་བྱེད་ཆེད། ཀྲང་ཅིན་མའེ་མཚོ་སྔོན་གྱི་སྐྱེ་ཁམས་རིགས་དབྱེའི་ས་ཁུལ་གཙོ་བོར་རྐང་ཐང་དུ་སོང་སྟེ། སྐྱེ་དངོས་རིགས་འཚོལ་ཞིབ་དང་ཞིབ་འཇུག་བྱས་ནས་ཕུལ་དུ་བྱུང་བའི་དཔྱད་རྩོམ་མང་པོ་བྲིས།

“ཀྲང་ཅིན་མའེ་ཡིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ནགས་ལས་ཐོན་སྐྱེད་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་གི་ཁྲོད་དུ་ཞུགས་པ་ནི།  ད་ལྟའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་བྱེད་མཁན་གྱི་མིག་དཔེ་རེད།” མཚོ་ཤར་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ལས་བྱེད་པ་ཀྲིག་ཞའེ་ཧའེ་ཡིས་བཤད་རྒྱུར། ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིག་དཔེ་བསྟན་ཏེ་མཐའ་གཅིག་ཏུ་སྐྱེ་ཁམས་སྲུང་སྐྱོང་བྱ་བ་ལེགས་པར་བསྒྲུབ་སྟེ།  རྒྱལ་ཁོངས་ལྗང་སྒྱུར་བྱེད་པའི་བྱ་བའི་གཙོ་གནད་ལ་དམ་པོར་འབྲེལ་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ནགས་ཚལ་དང་རྩྭ་ཐང་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གསར་པར་དམིགས་ནས།  མཚོ་ཤར་གྲོང་ཁྱེར་གྱི་ལྗང་སྒྱུར་འཛུགས་སྐྲུན་བྱ་བར་ནུས་ཤུགས་ཆེན་པོ་འདོན་རྒྱུ་ཡིན་ཟེར།

“ཚགས་པར་གྱི་སྟེང་དུ་ཀྲང་ཅིན་མའེ་ང་ཚོའི་མདོ་ལ་རིང་མོའི་ལྷོ་རྒྱུད་ཁུལ་དུ་ཡོང་ནས་ལྗང་སྒྱུར་བྱ་བར་འབད་བརྩོན་བྱས་པའི་གནས་ཚུལ་མཐོང་སྐབས་ང་རང་ཧ་ལས་པར་གྱུར་སོང”ཞེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་ནགས་ལས་བྱ་བ་སྒྲུབ་མཁན་གྱི་ཀླུ་རྒྱལ་ཚེ་རིང་གིས་བཤད། ཁོས་ད་དུང་བཤད་རྒྱུར།  ཀྲང་ཅིན་མའེ་ཡི་སྔོན་ཐོན་བྱས་རྗེས་མཐོང་རྗེས། ནགས་ལས་བྱ་བ་སྒྲུབ་མཁན་རྣམས་གྱིས་སྔར་ལས་དཔའ་ངར་ཆེར་བསྐྱེད་དང་དངོས་སྒྲུབ་བྱ་སྤྱོད་ཀྱིས་སེམས་ཤུགས་ཡོད་རྒུ་བཏོན་ནས་བྱེ་ཐང་དང་འདམ་ར།   དེ་མིན་བྱང་གསུམ་གྱི་འགོག་སྲུང་ནགས་ཚལ་བཅོས་སྐྱོང་དང་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་ཏེ་ནགས་ལས་ཀྱི་འཐབ་ས་དང་པོ་རུ་ནན་ཏན་གྱིས་བྱ་སྤྱོད་སྤེལ་ནས་དཔེ་བཟང་མི་སྣར་མིག་དཔེ་དང་གུས་འདུད་ཞུ་རྒྱུ་ཡིན་ཟེར།

ཀྲང་ཅིན་མའེ་ཡི་བྱས་རྗེས་སྐོར་གྱི་གནས་ཚུལ་སྤེལ་རྗེས་སུ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་སྐྱེ་ཁམས་བདག་སྐྱོང་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཤིང་།  རྒྱུན་དུ་ཚགས་པར་ལ་བལྟས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ཀྲང་ཅིན་མའེ་ཡི་སྒེར་སེམས་མེད་པའི་སྙིང་སྟོབས་ཀྱིས་ཁོ་ཚོའི་ཐོག་མའི་བསམ་འདུན་དང་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་བསྩལ།  སྐྱེ་ཁམས་བདག་སྐྱོང་མཁན་རི་རྡོ་ཡིས་བཤད་རྒྱུར། “སྤྱིར་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བྱ་བར་དཀའ་ངལ་ཆེན་པོ་ཡོད་མོད་ཡིན་ནའང་ང་ཚོས་བྱ་བ་དེ་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད། ང་ཚོས་ཀྲང་ཅིན་མའེ་ཡི་མཐོ་སྒང་ལ་དགའ་བ་དང་རང་གི་ལས་རིགས་ལ་དགའ་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། རང་ཉིད་ཀྱི་སྲུང་སྐྱོབ་ས་ཁུལ་ལ་དོ་དམ་ཡག་པོ་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་ཡག་པོ་ཞིག་བྱས་ནས་རང་ཉིད་ཀྱི་ཕ་ཡུལ་སྔོ་ལྗང་ཅན་དུ་བསྒྱུར་ཆེད་འབད་བརྩོན་ལྷོད་མེད་བྱས་ནས་རྩྭ་ཐང་ཆེན་མོ་འདི་སྔར་ལས་འབྱོར་ཕྱུག་ལྡན་པར་བྱེད་དགོས”ཟེར།

                                                                                           ཡིག་སྒྱུར་བ། གཡང་འབུམ་རྒྱལ།