རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བ་ཡག་པོ་བྱེད་དགོས།
2021.09.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

རི་དྭགས་འཚོ་སྡོད་ཀྱི་སྤྲོ་སྐྱིད་གླིང་།

2016ལོ་ནས2021ལོའི་བར། སྤྱིར་བཏང་གི་ལོ་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད་མོད། འོན་ཀྱང་མཚོ་སྔོན་ལ་མཚོན་ན་སྤྱིར་བཏང་མིན་པའི་ལོ་ལྔ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཐོ་སྒང་གི་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གཉིས་གནང་སྟེ་མཚོ་སྔོན་འཕེལ་རྒྱས་ཀྱི་ཆེད་འཆར་གཞི་གལ་ཆེན་གནང་བ་རེད།

ད་ལྟ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཕྱོགས་སུ་སྐྱོད་པའི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ཡོད། མཚོ་སྔོན་གྱི་བུ་བུ་མོ་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བ་ཞིག་བྱེད་དགོས་པ་གསལ་པོ་ཤེས་ཀྱིན་ཡོད།

“རྒྱལ་ཁབ་སྤྱི་གླིང”འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས།

མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཐིག་སྟེང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་མཚོ་སྔོན་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཏུ་འགྱུར་ངེས། དེ་ནི་གཙང་པོའི་མགོ་ཁུངས་ཀྱི་རྩ་ཆེའི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱ་ཆེད་ཡིན་པ་མ་ཟད། མཚོ་སྔོན་གྱིས་ཞིང་ཆེན་གྱི་གནས་ཚུལ་དང་ངོས་འཛིན་ལ་དབྱེ་ཞིབ་ཡང་དག་བྱས་རྗེས་འཕེལ་རྒྱས་དོན་གཉེར་བྱེད་པའི་འཐབ་ཇུས་བྱ་སྤྱོད་ཅིག་རེད། 2015ལོར། མཚོ་སྔོན་ཞིང་ཆེན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ཀྲུང་དབྱང་ལ་སྙན་ཞུ་ཕུལ་ནས། སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་སུ་བཅོས་སྒྱུར་འཚོལ་ཞིབ་གསར་རྐྱང་ཞིག་བྱེད་མགོ་བརྩམས་པ་རེད།

2016ལོའི་ལོ་འགོར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམས་བྱས་པ་དང་བསྟུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་མཚོ་སྔོན་དུ་སྤེལ་འགོ་བརྩམས་པ་དང་། དེ་ནི་མཚོ་སྔོན་གྱི་ངོས་ནས་བརྗོད་ན་འགྲན་སློང་ཞིག་ཡིན་ལ་གོ་སྐབས་ཤིག་ཀྱང་རེད། ད་ལྟའི་བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད“དར་ཆ་གཅིག་གིས་སྣེ་ཁྲིད་དང་། སྡེ་ཁག་གཅིག་གིས་དོ་དམ། རིགས་གཅིག་གིས་ཧྲིལ་བསྡུས། ལམ་ལུགས་ཆ་ཚང་ཞིག་གིས་བཅོས་སྐྱོང་བྱེད་པ། ཁྱིམ་ཚང་རེའི་ལས་གནས་རེ་བདག་སྐྱོང་བྱེད་པ། ལམ་ལུགས་མ་ལག་གཅིག་ལྟ་ཞིབ་ཚད་ལེན་བྱེད་པ། དཔུང་ཁག་གཅིག་གིས་ཁྲིམས་བསྟར་ལག་ལེན་བྱེད་པ། སྟོབས་ཤུགས་གཅིག་གིས་སྐུལ་འདེད”བཅས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་པ་ཞིག་ཆགས། ལག་ལེན་ཐོག་ནས་བདེན་དཔང་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་བྱས་པ་དེས་མཚོ་སྔོན་ལ་མཛེས་པའི་མཚན་སྙན་ཐོབ་པ་དང་། མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་བདེ་བླག་ངང་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།

དེ་སྔོན་སྲིད་ཇུས་མང་པོ་ཐོན་པ་དང་འགན་དབང་སྣོལ་མར་གནས་པའི“སྡེ་ཁག་མང་པོས་བཅོས་སྐྱོང”བྱེད་ཐབས་ཏེ་ད་ལྟའི“སྡེ་ཁག་གཅིག་གིས་དོ་དམ”བྱེད་པའི་ཕྱོགས་སུ་བསྒྱུར། རང་ཞིང་གིས་རྩེ་གྲོས་འཆར་འགོད་ལ་ཤུགས་སྣོན་དང་དོ་དམ་སྒྲིག་སྲོལ་གསར་གཏོད། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། རང་བྱུང་སྲུང་སྐྱོབ་ས་ཁུལ་ཇེ་ལེགས་སུ་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ཐོག་མའི་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་དང་བཅོས་སྒྱུར་བྱས་པ་མ་ཟད། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་རབ་དང་རིམ་པ་བསགས་ཡོད།

རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་པ་དང་སྒྲིག་སྲོལ་ལམ་སྲོལ་གྱི་ཚོད་འཛིན་དང་སྐུལ་ལྕག་ཁྲོད། སྲིད་གཞུང་གི་བྱ་སྤྱོད་ནས་མང་ཚོགས་རང་རྟོགས་ངང་ཟབ་ཞུགས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དར་སྲོལ་ཞིག་ཆགས་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ལ་སྲུང་སྐྱོབ་ནན་མོ་བྱས་ཏེ། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་རྒྱུ་བར”ཁག་ཐེག་བྱེད་པའི་ཁས་ལེན་མངོན་འགྱུར་བྱུང་བ་དང་། ལོ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་ཙམ་མཚོ་སྔོན་ནས་ཀྲུང་གོའི་ས་གཞི་ཆེན་མོར་འབབ་བཞིན་ཡོད།

ད་ལྟ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ཚང་མ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་སླར་གསོ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཕྱིན་ལ། སྐྱེ་ཁམས་ནུས་པ་སྲ་བརྟན་དུ་གྱུར་ཡོད་པ་མ་ཟད། ཆུ་ཁུངས་གསོ་གསོག་གི་ཚད་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་དྲུག་ཡན་འཕར་བ་དང་། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་ལོ་བཅུའི་སྔོན་ལས་སོ་སོར་བརྒྱ་ཆའི་བཅུ་གཅིག་དང་བརྒྱ་ཆའི་སུམ་ཅུ་ཡན་འཕར་ཡོད། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་གྱིས་ཇེ་མང་དུ་གྱུར་བ་དང་། གཙོད་ཀྱི་གྲངས་ཀ་སླར་གསོ་བྱས་ནས་ཁྲི་བདུན་ལྷག་ལ་སླེབས་ཡོད། ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་དང་། དེ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་མཚོ་འཕང་ཆེས་མཐོ་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར་ཡོད།

རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱས་ནས།  སྐྱེ་ཁམས“མངའ་ཁོངས”རྒྱ་བསྐྱེད་དགོས།

ད་ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་ཞེས་ནན་བཤད་གནང་བ་རེད། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོབ་བྱེད་དགོས།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་དགོས། “སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་བཏོན་པ་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བར། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགྱུར་ཚད་ཁྲོད་ནས་འཕེལ་རྒྱས་ཀྱི་རིན་ཐང་ཆེ་ཤོས་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་བ་བསྐྲུན།

མཚོ་སྔོན་ལ་མཚོན་ནས་བཤད་ན་སྐྱེ་ཁམས་ནི་རྒྱུན་མཐུད་འཕེལ་རྒྱས་དོན་གཉེར་བྱེད་པའི་རྨང་གཞི་བརྟན་པོ་ཞིག་རེད། དུས་ཡུན་རིང་པོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མ་དངུལ་ཆེན་པོ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་། ཙོང་ཆུའི་འབབ་རྒྱུད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བར་དང་། མཚོ་སྔོན་པོའི་འགྲམ་ནས་མདོ་ལ་རིང་མོའི་བར་སྐྱེ་ཁམས་ཁོར་ཡུག་ལ་ངོ་བོའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཀྱང་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མང་ཚོགས་ལ་ཕན་པ་ཆེ་བའི་དམངས་ཚིས་བདེ་སྐྱིད་ཅིག་ཏུ་གྱུར་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་བརྟན་འཇགས་ངང་སྤེལ་བཞིན་ཡོད། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་བྱེད་པའི་དུས་འབྲིང་གི་དཔྱད་འཇོག་མཇུག་འབྲས་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་རྣམ་པ་བཀག་འགོག་ཐོབ་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ལམ་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པས། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ལྷག་པའི་སྲ་བརྟན་དུ་གྱུར་ཡོད། དེ་དང་ཆབས་ཅིག ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་ཕྱུགས་རྩྭ་ཁ་གསབ་བྱས་ཏེ་འདེབས་པ། རྩྭ་སོན་སྡེབ་སྒྲིག་བྱེད་པ་སོགས་དཔྱད་གཞིར་འཛིན་ཆོག་པའི་རྣམ་པ་དང་ལག་རྩལ་ཁག་གཅིག་འཚོལ་ཞིབ་བྱས་ནས་ཆགས་ཡོད།

ད་ལྟའི་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཀྱི་བྱ་སྤྱོད་སྤེལ་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་ས་ཁོངས་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ལ་ཕན་འབྲས་མངོན་གསལ་བླངས་ཡོད། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། རིམ་པ་ལྔ་པའི་ཆུ་དང་མཚོ་དཔོན་ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད། ད་ལྟའི་མཚོ་སྔོན་དུ་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་པ་དང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་མ་བྱས་གོང་ལས་ལྡབ་སོ་བརྒྱད་འཕར་ཡོད་ལ། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་གསུམ་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་བར་འཕར་བ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་བཞི་ལ་སླེབས་ཡོད། དགོ་བ་དུས་རབས་སྔོན་མའི་དུས་མཇུག་གི་སུམ་བརྒྱ་ལྷག་ཙམ་ནས་སྟོང་གཉིས་དང་བདུན་བརྒྱ་ལྷག་ཙམ་བར་སླར་གསོ་བྱུང་ཡོད།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་རྣམ་པ་ནི་མིའི་རིགས་ཀྱི་འཕེལ་རྒྱས་དང་རང་བྱུང་སྲུང་སྐྱོབ་ཀྱི་དོ་སྙོམས་བཙལ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱ་རྒྱུ་དེ་རེད། ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་བདག་སྐྱོང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་ལག་རྟགས་འཁྱེར་ནས་ལས་གནས་སུ་ལས་ཀ་ལས་བཞིན་ཡོད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ལ“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་མངོན་འགྱུར་བྱས་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་ཚོད་ལྟ་གསར་པ་ཞིག་ཏུ་གྱུར་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་ཞིག་ཏུ་གྱུར་ཡོད།

སྒྲོལ་མ་སྐྱབས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོར་ཡུལ་ཚོ་མདོ་ཕྱུག་སྡེ་བའི་ཡིན་པ་དང་། ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རུ་ཁག་གི་མི་སྣ་ཞིག་རེད། ཕ་ཡུལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཙོ་གནད་སྲུང་སྐྱོབ་ས་ཁུལ་དུ་གྱུར་རྗེས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཡིག་ཚགས་བ་ཞིག་ཏུ་གྱུར་ནས། རྒྱུན་ལྡན་གྱི་སྐོར་ཞིབ་དང་སྐྱེ་ཁམས་འགྱུར་ལྡོག་ཟིན་ཐོར་འགོད་པའི་ལས་འགན་ཉིས་བརྩེགས་ཁུར་ཡོད།

མིག་སྔའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ། “སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་གཞི་རིམ་ཏང་འཛུགས་སྐྲུན། གནད་འཁེལ་དབུལ་ཐར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན”བཅས་ཀྱི་ཕྱོགས་དྲུག་གཞི་གཅིག་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རྣམ་པ་གསར་གཏོད་བྱས། རྩ་འཛུགས་ཅན་གྱི་དོ་དམ་སྲུང་སྐྱོབ་དང་དྲ་མིག་ཅན་གྱི་སྐོར་ཞིབ་ལ་སྐུལ་འདེད་བཏང་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་དང་སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་བཅས་བཙུགས་ནས། རྟའི་རུ་ཁག་དང་འཕྲུལ་རྟའི་རུ་ཁག སྐོར་སྐྱོད་སྦྲ་གུར། སྨྱན་མང་གཟིགས་ཀྱི་མ་ལག་བཅས་སྤྱད་དེ། ལམ་ཐག་རིང་བའི་གནས་སུ“གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི”དོ་དམ་སྲུང་སྐྱོབ་མ་ལག་ཅིག་བསྐྲུན།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བའི་མཉམ་རྒྱལ་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པ་ཟབ་ཞུགས་བྱེད་པ། གནད་འཁེལ་དབུལ་ཐར། ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་བཅས་ཟུང་འབྲེལ་བྱས་ནས། བྱ་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ཏེ་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས།

ད་ལྟ། རྫ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་རྣམ་སྲས་འགག་ཆེན་གྱི་དམིགས་བསལ་གཉེར་སྐྱོང་དེ་མི་མང་པོ་ཞིག་གིས་ཡིད་སྨོན་བྱེད་པའི་སྐྱེ་ཁམས་ཀྱི་ཉམས་ལེན་བྱེད་ས་གསར་པ་ཞིག་ཏུ་གྱུར་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག རྣམ་སྲས་འགག་ཆེན་དུ་འཕྱོ་གཡེང་དང་རང་བྱུང་ལྟ་ཞིབ་སོགས་སྐྱེ་ཁམས་ཉམས་ལེན་རྣམ་གྲངས་དེ་དམིགས་བསལ་གཉེར་སྐྱོང་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་ཚད་ལྡན་དུ་བཏང་བས་རྒྱལ་ཁབ་ཀྱི་འབྲེལ་ཡོད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་མ་ཟད། ས་གནས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཡང་ཇེ་མང་དུ་སོང་།  ཚེ་དབང་རྡོ་རྗེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོ་ནི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པ་མ་ཟད་སྐྱེ་ཁམས་དྲིལ་སྒྲོག་བྱེད་མཁན་ཞིག་ཀྱང་རེད། དམིགས་བསལ་གཉེར་སྐྱོང་བྱས་པ་ལས་ཁོ་ལ་ཕན་འབྲས་དངོས་ཐོབ་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་འབྲོག་པ་མང་ཚོགས་ཟབ་ཞུགས་བྱེད་པ་དང་། ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་བསྒྱུར་བྱེད་པ། ལས་སྒྱུར་ལས་ཞུགས། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་ལ་ཧུར་ཐག་གིས་སྣེ་ཁྲིད་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་བདེ་སྡོད་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དབུལ་སྐྱོར་ཉེན་ཚབ། དེ་མིན་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་གཞན་སྒྱུར་ལས་ཞུགས་གསོ་སྦྱོང་བཅས་རྩ་འཛུགས་བྱས་ནས་ལག་བསྟར་བྱས་པ་དང་། གླིང་ཁུལ་གྱི་ཕྱུགས་ལས་མཉམ་ལས་ཁང་ལ་རོགས་སྐྱོར་བྱས་ནས་གནས་སྤོས་འབྲོག་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་གནས་གསར་སྤེལ་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག འབྲོག་པས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གྱི་ལས་ཀ སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ནས། ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་ཁྲོད་བརྟན་འཇགས་ཡིན་ལ་དུས་ཡུན་རིང་པོར་ཁེ་ཕན་ཐོབ་ཏུ་བཅུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་ཕྱིར་གཏོང་བྱ་ཡུལ་གསར་དུ་བཙུགས་ནས། སྐྱེ་ཁམས་དང་གཞི་གྲངས། འཁོར་རྒྱུག ལས་སྟེགས་དཔལ་འབྱོར་བཅས་ཧུར་ཐག་གིས་སྐྱེད་སྲིང་བྱས། མཛེས་སྡུག་ལྡན་པའི་མཚོ་སྔོན་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལྗང་མདོག་གི་མིང་བྱང་ལྟ་བུར་གྱུར་ནས་མཚོ་སྔོན་གྱི་སྐྱེ་ཁམས་མངའ་ཁོངས་ཆུང་བ་ནས་ཆེ་བར་གྱུར་པ་དང་། གཏིང་ཐུང་ནས་གཏིང་ཟབ་ཏུ་ཕྱིན་པས་སྐྱེ་ཁམས་ཁོར་ཡུག་བཟང་པོས་བཟོ་ལས་དང་ཞིང་ལས། ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་འགྲོ་སྐབས་ལྗང་མདོག་གི་མཚོ་སྔོན་གྱིས་མཛེས་སྡུག་ལྡན་པའི་ཀྲུང་གོར་བཀྲག་མདངས་སྔར་ལས་གསར་བ་སྣོན་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།