མཁའ་ལམ་བསྐྲུན་པའི་ལམ་ཚད་རྡོ་རིང་།
2021.09.15 ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས། 0

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་ཡིན་ལ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བ་ཡང་ཡིན། ལྷ་སའི་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་ལྷ་སའི་སྐྱིད་ཆུའི་འགྲམ་གྱི“ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང”གི་མདུན་དུ། ལྷ་སའི་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དག་གཅིག་རྗེས་གཉིས་མཐུད་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཞུགས་ཤིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རླབས་ཆེན་ཀྱི་བྱ་གཞག་དང་རང་སྲོག་བློས་བཏང་མཁན་རྣམས་ལ་དྲན་གསོ་བྱས་དང་བྱེད་བཞིན་ཡོད་པ་རེད།

ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་མགོར། མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་བྱུང་བ་དང་། མི་རིགས་མཐུན་སྒྲིལ་གོང་འཕེལ་ཡོང་བ། ལྷོ་ནུབ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད། ཀྲུང་དབྱང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད། དེའི་སྐབས་སུ་བོད་ལྗོངས་སུ་དཔུང་འཇུག་བྱེད་མཁན་གྱི་ཚན་པ་དང་པོའི་བུད་མེད་དམག་མི་སྟོང་གཅིག་དང་བརྒྱ་ལྷག་ཀྱང་གཞུང་ལམ་འཛུགས་སྐྲུན་དང་གནམ་གྲུ་ཐང་འཛུགས་སྐྲུན། འགན་སྲུང་དངོས་རྫས་སྐྱེལ་འདྲེན་བཅས་ཀྱི་ལས་ཀར་ཞུགས། འབུམ་ཤོག་བཅོ་བརྒྱད་པའི་ཁྲི་ཤོག་ང་གསུམ་པའི་ཝང་ཆི་དབྱི་སོགས་ཁྲི་ཤོག་ཐད་གཏོགས་ལས་ཁུངས་གི་བུད་མེད་དམག་མི་བཅུ་ལྷག་ཆིག་སྟོང་དགུ་བརྒྱ་ང་གཅིག་ལོའི་དཔྱིད་ཀར་དཀར་མཛེས་གནམ་གྲུ་ཐང་བསྐྲུན་པའི་ནང་ཞུགས་ཡོད།

གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པའི་ལས་རིམ་དང་པོ་ནི་རྒྱུག་ལམ་རྨང་གཞི་རྐོ་རྒྱུ་དེ་ཡིན་པ་རེད། ཚད་མཇལ་བྱས་པའི་གཞི་གྲངས་ལ་གཞིགས་ནས་ས་ལྷག་མ་དག་ཕྱིར་སྐྱེལ་འདྲེན་བྱས། མཐོ་སྒང་གི་གནམ་གཤིས་ལ་འཚམ་པ་དང་གཟུགས་གཞི་ཇེ་བདེ་རུ་འགྲོ་ཆེད། བུད་མེད་དམག་མི་དག་དཀྲུག་ཇ་འཐུང་བར་རིམ་བཞིན་གོམས། མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། ཡུད་ཙམ་ནང་ཆར་པ་འབབ་པ་དང་ཡུད་ཙམ་ནང་གནམ་དྭངས་བ། གནམ་དྭངས་བའི་སྐབས་ལུས་ལ་ས་རྡུལ་གྱིས་ཁེངས་པ་དང་། ཆར་པ་འབབ་པའི་སྐབས་ལུས་ལ་འདམ་བག་གིས་ཁེངས། ལྷག་པར་ཉིན་གུང་གི་སྐབས་དེར་ས་ཕྲག་པར་འཁུར་ནས་སྐྱེལ་འདྲེན་བྱེད་དགོས་པས། ཐེངས་འགར་སྐྱེལ་འདྲེན་བྱས་རྗེས་ལུས་པོ་ཡོངས་རྫོགས་རྔུལ་ཆུས་བརླན་པ་དང་། ངལ་གསོ་བྱེད་སྐབས་གྲང་རླུང་ཐེངས་རེར་ལྡིང་བ་ཡིས་ཀྱང་ལུས་པོ་ཡང་བསྐྱར་འཁྱག་སིབ་སིབ་ཏུ་གྱུར་བས་བདེ་བའི་སྐབས་ཤིག་ཤིན་ཏུ་དབེན།

ཝང་ཆི་དབྱིའི་ཕྱིར་དྲན་ཁྲོད་དུ། སྐབས་དེའི་ལུས་ཀྱི་གྱོན་གོས་ནི་ཧ་ཅང་སྟབས་བདེ་ཡིན་པ་དང་། དུས་ཚིགས་བཞི་བོར་ལྭ་བ་གཅིག་མ་གཏོགས་གྱོན་རྒྱུ་མེད་པས་ལྭ་བ་འཁྲུད་རྒྱུ་ཕར་ཞོག ད་དུང་རྙིང་ཧྲུལ་དུ་གྱུར་ནས་གོང་བ་དང་བྲང་ཁ། ཕུ་ཐུང་བཅས་ནག་ནོག་དྲི་མས་སྦགས་ཡོད། མཐོ་སྒང་ལ་སླེབས་ནས་ཟླ་འགའ་འགོར་ཡང་། འབུད་ཤིང་དཀོན་པས་ཇ་བསྐོལ་བ་མ་གཏོགས་གཟུགས་པོ་དང་མགོ་འཁྲུད་སའི་ཆུ་ཚ་མོ་ཡང་མེད།

གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པར་རྒྱུག་ལམ་འདིང་བའི་དུས་སྐབས་ལ་སླེབས་དུས། རླངས་འཁོར་ཁ་ཤས་ལས་འཕྲུལ་ཆས་གཞན་མེད་པ་དང་། མང་ཆེ་བ་མི་ཤུགས་ལ་བརྟེན་ནས་ལེགས་འགྲུབ་བྱེད་དགོས། ཚད་གཞི་ལྟར་རྨང་གཞིའི་ཐོག་ཏུ་ལིས་རྨིད་བཅུ་ལྷག་གི་རྡོ་སྒོང་འདིང་དགོས་པ་དང་། མནན་ནས་སྲ་བརྟན་དུ་བཏང་རྗེས་ལིས་རྨིད་འགའ་ཡི་བྱེ་མ་དང་རྡོ། ས་སོགས་འདིང་དགོས། རྡོ་འབོར་ཆེན་དགོས་པས་ཆུ་འགྲམ་དུ་མ་གཏོགས་ས་ཆ་གཞན་ན་རྡོ་ཧ་ཅང་དཀོན། བུད་མེད་དམག་མི་འཛིན་གྲྭའི་ལས་འགན་ནི་ཆུ་འགྲམ་དུ་སོང་ནས་རྡོ་བཙལ་རྒྱུ་དེ་ཡིན། ཉི་མའི་འོད་ལ་དྲོད་ཁོལ་ལྡན་ཡང་གངས་ཆུའི་གྲང་ངར་བཟོད་པར་དཀའ་བས། མཚམས་རེར་ཆུ་ནང་ནས་རྡོ་བླངས་རྗེས་ས་ངོས་ལ་བུད་ནས་མཆོངས་ལྡིང་བྱས་ཏེ་ལུས་པོར་དྲོད་སྩོལ་དགོས། ཉིན་ཤས་འགོར་རྗེས། བུད་མེད་དམག་མི་ཁ་ཤས་ཀྱི་ལུས་པོ་མ་བདེ་བས་སྨན་ཁང་དུ་སོང་། གོང་རིམ་གྱིས་བུད་མེད་ཚོའི་དམིགས་བསལ་གྱི་ལུས་ཁམས་ལ་གཞིགས་ནས། བུད་མེད་དམག་མིའི་ལས་ཀ་རྡོ་བཀས་གཏོར་བྱེད་རྒྱུར་བསྒྱུར།

དང་ཐོག་བཀས་གཏོར་བྱེད་སྐབས་ཚང་མར་ངར་ཤུགས་ཆེས་ཆེར་ལྡན་པར་མ་ཟད། གླུ་དབྱངས་ལེན་གྱིན་འདུག འོན་ཀྱང་ཕྱི་དྲོར་སླེབས་དུས་ཚང་མ་ཐང་ཆད་ནས་ཁ་གྲགས་འདོད་མེད་པར་གྱུར་པ་དང་། རྣ་ལམ་དུ་ཐོ་བ་རྡུང་པའི་སྒྲ་ལས་གཞན་ཅི་ཡང་ཐོས་རྒྱུ་མི་འདུག  ལས་འགན་གྲུབ་ནས་ལས་མཚམས་འཇོག་སྐབས། ལུས་པོ་ཡོངས་རྫོགས་རེངས་ཤིང་མཁྲེགས་པོར་གྱུར་པར་མ་ཟད་ཟུག་གཟེར་གྱིས་མནར་ཡང་། གནམ་གྲུ་ཐང་མགྱོགས་མྱུར་ངང་ལེགས་འགྲུབ་ཡོང་ཆེད། སྡུག་བསྔལ་དེ་དག་ལ་གདོང་གཏད་ནས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་རེད།

མཐོ་སྒང་གི་ཆར་དུས་སླེབས་སྐབས། བུད་མེད་དམག་མི་ཚོས་དབྱིབས་གྲུ་བཞི་ཅན་གྱི་ཆར་ཁེབས་དེ་སྦྲ་གུར་གྱི་ཚབ་ཏུ་ཕུབ་ཀྱང་ཆར་རླུང་འགོག་པར་དཀའ་བས། ཁོ་ཚོས་ངེས་པར་དུ་དུས་ཡུན་རིང་བོར་བསྡད་ཆོག་པའི་སྡོད་ཁང་བསྐྲུན་དགོས་པ་རེད།  གོང་རིམ་གྱི་མཛུབ་སྟོན་གཞིར་བཟུང་ནས་ཁང་པའི་རྒྱུ་ཆ་རང་ས་ནས་ལེན་པ་དང་ས་ཕུག་རྣམ་པ་ཅན་བསྐྲུན་པའི་རེ་འདུན་བཏོན་ཡོད། དེ་ནས་རིང་ཚད་ལ་རྨིད་ལྔ་ལྷག་དང་ཞེང་ཚད་རྨིད་གཉིས་ལྷག་ཡོད་པའི་ས་དོང་བརྐོས་པ་དང་། ས་དོང་ནང་གི་གཞོགས་གཅིག་ལ་རིང་ཚད་དང་ཞེང་ཚད་སོ་སོ་ལ་ཁྲེ་ཙེ་གཅིག་ཙམ་ཡོད་པའི་ལམ་ཤུར་བརྐོས་ནས་བགྲོད་ལམ་བྱས། གཞན་པ་ཚང་མ་ནི་རང་བྱུང་གི་མལ་ཁྲི་རེད། འགྲམ་དུ་ཐེམ་སྐས་འགའ་བརྐོས་པས་ཕར་འགྲོ་ཚུར་འོང་ལ་སྟབས་བདེ་བཟོས། ས་དོང་གི་ཁར་སྦོམ་ཕྲ་མི་འདྲ་བའི་ཤིང་སྡོང་བསྒྲིགས་རྗེས་སྡོང་ཕྲན་འདིང་བ་དང་། དེའི་ཐོག་ཏུ་ས་བླུགས་ནས་བརྡབ་རྗེས་སྲ་མཁྲེགས་དུ་བཏང་། སྐམ་པོར་གྱུར་རྗེས་སྤྱིར་བཏང་གི་ཆར་རླུང་འགོག་ཐུབ་པར་མ་ཟད། ཉིན་གུང་གི་ཉི་མའི་ཚ་གདུགས་ཡང་འགོག་ཐུབ་པ་རེད།

ཉིན་གཅིག་གི་ནམ་གུང་ལ། ཝང་ཆི་དབྱི་ཡི་ཁྲིད་སྟོན་པས“བློ་མཐུན་རྣམ་པ། མགྱོགས་པོར་ཡར་ལོངས། བུད་མེད་དམག་མི་འཛིན་གྲྭ་གཅིག་གི་ཁང་བ་བརྡིབས་སོང་། མགྱོགས་པོར་མི་སྐྱོབས་དུ་ཤོག”ཞེས་འབོད་པ་ཐོས་པས། ཁོ་མོ་རྟབ་རྟོབ་པོར་བུད་མེད་དམག་མི་འཛིན་གྲྭའི་ཁང་བ་ཡོད་སར་སླེབས་སྐབས། ས་ཤིང་གིས་བཀབ་པའི་ཁང་བ་རྡིབ་ནས་དོང་ནང་དུ་ལྷུང་བ་དང་འཛིན་གྲྭ་གང་བོ་ས་འོག་ཏུ་མནན་འདུག  དེའི་སྐབས་སུ་བློ་མཐུན་ལ་ལ་བྲེལ་འཚུབ་ངང་མར་ལྡིངས་སྐབས། མི་ལ་ལས“ས་འོག་ཏུ་ཡོད་པའི་བུད་མེད་དམག་མི་རྣམས་ཀྱི་ཐོག་ལ་སྤོས་ནས་སླར་ཡང་རྨས་སྐྱོན་མི་འབྱུང་བ་བྱ་ཆེད། མི་མང་པོ་མར་ལ་མ་འགྲོ”ཞེས་སྒྲོག་བཞིན་འདུག  ཆར་ཆུས་བརླན་པའི་ས་འདམ་ནི་བརླན་ཞིང་ལྕི་བ་དང་། བཀབ་ཤིང་ཚང་མ་ཚེར་མས་ཁེངས་ཡོད་པས་ཉེན་སྐྱོབ་ལས་ཀར་འགོར་འགྱངས་བྱས། སྣེ་ཁྲིད་པས་མུ་མཐུད་དུ“ས་འོག་ཏུ་ཡོད་པའི་བློ་མཐུན་རྣམ་པས་རྒྱུན་འཁྱོངས་བྱོས་དང་། ཁྱོད་ཚོ་སྐྱོབ་ཁོ་ཐག་ཡིན”ཅེས་སྐད་གསེང་མཐོན་པོས་བཤད་བཞིན་འདུག

ས་འོག་ཏུ་མནན་པའི་བློ་མཐུན་མང་པོ་ཞིག་སྐྱོབ་ཐུབ་སོང་། སྟབས་མ་ལེགས་པ་ལ་བློ་མཐུན་བཞི་ང་ཚོ་དང་དུས་གཏན་དུ་བྲལ་སོང་། ཁོ་ཚོ་གནམ་གྲུ་ཐང་དང་ཐག་མི་རིང་སའི་རྩྭ་ཐང་དུ་དུར་འཇུག་བྱས། དེའི་ཉེ་འཁོར་ཀུན་ཏུ་མེ་ཏོག་རྣམ་པར་བཀྲ་ཞིང་། རྒྱང་ཐག་དེ་ཙམ་མི་རིང་བའི་ས་ན་དག་གཙང་གི་གངས་རིས་བསྐོར་ཡོད།

དཀར་མཛེས་རྫོང་ནས་ཁྲོན་བོད་གཞུང་ལམ་བརྒྱུད་ནས་འགྲོ་སྐབས། མཚོ་འཕང་ལ་རྨིད་སྟོང་ལྔ་ལྷག་ཡོད་པའི་ཁྲོ་ལའི་ཕུག་ལམ་ལ་ཐུག་ཅིང་། ཁྲོ་ལའི་རི་རྩེར་མཚོ་འཕང་ལ་རྨིད་སྟོང་དྲུག་ལྷག་ཡོད། སྔོན་ཆད་ཀྱི་ཀྱག་ཀྱོག་གི་རི་ལམ་དེར་དེང་སྐབས་ཕུག་ལམ་འཛུགས་སྐྲུན་བྱས་ཡོད་པ་དང་། ཕུག་ལམ་གྱི་ལམ་ཁར་ལམ་བཟོ་དཔའ་བོ་ཀྲང་ཧྥོའུ་ལེན་གྱི་འདྲ་སྐུ་དང་བང་སོ་ཡོད།

ལམ་བཟོ་བའི་ནང་དུ་ཞུགས་པའི་འབུམ་ཤོག18པའི་འཐབ་འཛིང་པ་རྒན་པ་ཀའོ་ཕིང་གིས་ཀྲང་ཧྥོའུ་ལེན་འདས་གྲོངས་སོང་བའི་བརྒྱུད་རིམ་ཞིབ་བཤད་བྱས་པ་སྟེ། ཀྲང་ཧྥོའུ་ལེན་ནི་འབུམ་ཤོག18པའི་ཁྲི་ཤོག53པའི་མདའ་ཤོག159པ་བརྒྱ་ཤོག3པའི་སྒྱོགས་དམག་བཅུ་ཤོག་གི་བཅུ་དཔོན་ཡིན་པ་རེད། 1951ལོའི་སྤྱི་ཟླ12པའི་ཚེས10ཉིན། ཁྲོ་ལའི་རི་ལམ་འཕྲལ་བཟོ་བྱེད་པའི་ལས་ཀའི་ཁྲོད་དུ། ཀྲང་ཧྥོའུ་ལེན་གྱིས་མེས་རྫས་འབར་གཏོར་གྱི་ཞིབ་བཤེར་ལས་ཀའི་འགན་ཁུར་ཡོད་ལ། དུས་ཚོད་བཅུ་གཉིས་ཀྱི་སྟེང་། ཐབ་ལས་དམག་མིས་ཁོ་ལ་ཟ་མ་སྐྱེལ་སྐབས་ཁོས་མེ་འདྲེན་སྦུ་གུ་ལག་ཏུ་བཟུང་ནས་རྫས་ཁུང་ལ་ཞིབ་བཤེར་བྱས་པས། བསྟར་ཕྲེང་གསུམ་པའི་རྫས་ཁུང་འོས་འཚམ་མིན་པ་ཤེས་རྗེས། ཁོ་ཡོ་བསྲང་བྱེད་དུ་ཕྱིན། གློ་བར་དུ་ཕ་བོང་ཆེན་པོ་ཞིག་ཁོའི་མགོ་བོའི་ཐད་ནས་མར་འདྲིལ་བས་མགོ་ལ་ཕོག་པས་དྲན་མེད་དུ་བརྒྱལ། མི་ཚང་མས་ཕ་བོང་འདེགས་ཤིང་གིས་ཡར་བཀྱགས་པ་དང་། ཁོ་དྲན་པ་སོས་པས་ཁ་ནས“ཁྲིད་སྟོན་པ”ཞེས་བོས།

ཁྲིད་སྟོན་པའི་ངོ་གདོང་མཆི་མས་བརླན་ནས་ཁོའི་ཉེ་སར་སླེབས་སྐབས། ཁོས“ང་ལ་རྨས་ལྕི་མོ་ཕོག་སོང་། ངས་མི་དམངས་ལ་ཞབས་འདེགས་སྒྲུབ་ཐུབ་རྒྱུ་མ་རེད། ང་ལ་ད་རུང་སྒོར་བཞི་དང་སྒོར་ཟུར་ལྔ་ཡོད་པས་དེ་ནི་ངའི་ཆེས་མཐའ་མཇུག་གི་ཏང་གི་གྲོན་དངུལ་རུ་སྤྲོད་རོགས”ཅེས་བཤད། འདིའི་སྐབས་སུ་འཕྲོད་བསྟེན་པས་ཁོ་ལ་སྙིང་ཤུགས་གསོ་བྱེད་ཀྱི་སྨན་ཁབ་རྒྱག་རྩིས་བྱས་པར་ཁོས“ང་ད་ལྟ་ཁབ་བརྒྱབ་རུང་ཕན་པ་མེད་གི རྒྱལ་ཁབ་ལ་ཁབ་འདི་གྲོན་ཆུང་བྱེད་དགོས”ཅེས་བཤད། འཐབ་གྲོགས་རྣམས་ཀྱིས་ཁོ་རང་འགྱོགས་བྱམས་སྟེང་དུ་བཞག་ནས་འགྲོ་རྩིས་བྱེད་པར་ཁོས“ང་ད་ལྟ་ལས་ཞུགས་བྱེད་མི་ཐུབ་གི། བློ་མཐུན་རྣམ་པ། ལས་གཞི་ཛ་དྲག་ཆེ་བས་ལས་ཀར་འགོར་འགྱངས་མ་བྱེད། མགྱོགས་མྱུར་ངང་ཁྲོ་ལ་རི་བོའི་འགྲོ་ལམ་ལེགས་འགྲུབ་ཡོང་དགོས”ཅེས་བཤད་ནས་བཀག་འགོག་བྱས།

ཀྲང་ཧྥོའུ་ལེན་ནི་ཧི་ནན་ཞིང་ཆེན་ཧྥུ་ཀོའུ་རྫོང་གི་མི་ཡིན་ཞིང་། ཚེ་ལས་འདས་སྐབས་ལོ་ན་ཉེར་དྲུག་ཡིན་ཞིང་། དམག་ནང་ཞུགས་རྗེས་ཐེངས་ཉི་ཤུ་ལྷག་ལ་གཡུལ་དུ་ཞུགས་པ་དང་། ཁྲོ་ལའི་རི་ལམ་འཕྲལ་བཟོ་བྱེད་པའི་ལས་ཀའི་ཁྲོད་དུ། རྨིད་ལྷམ་པ་སྟོང་གཅིག་ལྷག་ཡོད་པའི་ཕ་བོང་གཉིས་བཀས་གཏོར་བྱེད་དགོས་པས། དེར་སྒྱོགས་ཆེན་བཀོལ་དགོས་པ་དང་། བཟོ་དམག་དཔུང་ཚོགས་གི་ལྡིང་དཔོན་ཅིག་ཐོན་ནས་ལག་རྩལ་མཛུབ་སྟོན་བྱེད་པར་ཀྲང་ཧྥོའུ་ལེན་གྱིས“ཁྱོད་ཀྱིས་མཛུབ་སྟོན་བྱོས་དང་། ལས་མཁན་ང་ཡིན་ཟེར”ཐེངས་དང་པོར་འགས་རྫས་སྤྱི་རྒྱ50བཀོལ་བས། རྨིད་ལྷམ་པ་ལྔ་བརྒྱ་དང་བདུན་ཅུ་ལྷག་འགས་གཏོར་བྱས། ལྡིང་དཔོན་སོང་རྗེས་ཁོ་གཅིག་པུས་འགས་གཏོར་ལས་འགན་ཁུར་བ་དང་། ཁོས་འགས་རྫས་སྤྱི་རྒྱ40བཀོལ་ནས་རྨིད་ལྷམ་པ་བཞི་བརྒྱ་དང་བདུན་ཅུ་ལྷག་འགས་གཏོར་བྱས། རྗེས་ནས་ཁོ་ནི་མིང་གྲགས་ཅན་གྱི་འགས་གཏོར་ལག་རྩལ་བར་གྱུར་བ་མ་ཟད་མི་ཚང་མས་ཁོ་ལ་སློབ་སྦྱོང་བྱས། རུ་ཤོག་གཅིག་གི་འགས་གཏོར་ལག་རྩལ་མཐའ་དག་ཁོ་བརྒྱུད་དེ་སློབ་སྦྱོང་བྱས་པ་རེད། ཁོས་མི་གཞན་པར་འགས་གཏོར་གྱི་གཞུང་ལུགས་ཁྲིད་པ་མ་ཟད། ལག་ལེན་བྱེད་པ་གཙིགས་སུ་བཟུང་ནས་མི་གཞན་པར་བསླབ། ཁོ་ནི་ཁེངས་སྐྱུང་ཅན་ཞིག་ཡིན་པ་དང་། ཉིན་ལྟར་ལས་མཚམས་བཞག་རྗེས་བཟོ་དམག་དཔུང་ཚོགས་ལ་སོང་ནས་སློབ་སྦྱོང་བྱེད་དགོས་པ་དང་། དམག་སྒར་ནས་ལམ་ཆུང་ཁུག་ལམ་གོ་གཉིས་བརྒྱུད་དེ་འགྲོ་དགོས།

ཀྲང་ཧྥོའུ་ལེན་ཚེ་ལས་འདས་རྗེས། འཐབ་གྲོགས་རྣམས་ཀྱིས་ཁོང་གི་འབོག་རས་ནང་དུ་ཕ་ཡུལ་ནས་ཁྱེར་ཡོང་བའི་ཚོད་དཀར་དང་པོ་ཚལ་སོགས་ཁུག་མ5དང་ཁོང་གི་ཉིན་ཐོའི་ཟིན་དེབ་སོགས་རྙེད། ཉིན་ཐོའི་ཟིན་དེབ་ཀྱི་ནང་དུ་ལས་གཞིའི་ཐབས་ཤེས་དང་རང་སྐྱོན་རང་བརྗོད། ལས་ཀ་ལ་ཕྱོགས་བསྡོམས་བྱས་པའི་ནང་དོན་དག་བྲིས་འདུག

འཐབ་གྲོགས་རྣམས་ཀྱིས་ཁོང་ཚེ་ལས་འདས་པའི་ས་ཆ་རུ“ཇི་སྲིད་བར་དུ་བརྟན་གྱུར་ཅིག”ཅེས་པའི་རྒྱ་ཡིག་གི་ཡིག་འབྲུ་བཞི་བརྐོས་པ་དང་རྡོ་རིང་བཙུགས་པར་མ་ཟད་ཤོག་ནང་ནས་ཁོང་ལ་མྱ་ངན་ཞུ་བའི་ཚོགས་འདུ་བསྡུས། ཁྲི་ཤོག་ཏང་ཨུས་ཁོང་ལ་གུང་ཁྲན་ཏང་ཡོན་གྱི་དཔེ་བཟང་མི་སྣ་དང་། བྱས་རྗེས་རིམ་པ་དང་པོའི་མཛད་རྗེས་མཚན་སྙན་གནང་། 1952ལོའི་སྤྱི་ཟླ7པའི་ཚེས25ཉིན། ཁྲི་ཤོག་ཏང་ཨུ་ཡིས་སྒྱོགས་དམག་འཛིན་གྲྭའི་མིང་དེ“ཀྲང་ཧྥོའུ་ལེན་འཛིན་གྲྭ”ཞེས་པར་བསྒྱུར། ཀྲང་ཧྥོའུ་ལེན་གྱི་འཐབ་གྲོགས་རྣམས་ཀྱིས་འདས་པོའི་ཕུགས་འདུན་རྒྱུན་འཛིན་བྱས་ནས། མུ་མཐུད་དུ་ཁྲོན་བོད་ལམ་ཐིག་ཐོག་ཏུ་འབད་པ་ལྷོད་མེད་བྱས།

“ལམ་གཉིས”འཛུགས་སྐྲུན་ཁྲོད་དུ། དཔོན་དམག་སྟོང་གསུམ་ལྷག་ཚེ་ལས་འདས་པ་དང་། ཁོ་ཚོས་བོད་ལྗོངས་མི་དམངས་བཅིངས་འགྲོལ་དང་བོད་ལྗོངས་འཛུགས་སྐྲུན་གྱི་བྱ་གཞག་ཆེད་དུ་རིན་ཐང་བྲལ་བའི་ཚེ་སྲོལ་ཕུལ། ཁོང་ཚོའི་དཔའ་བོའི་རླབས་ཆེན་བྱ་སྤྱོད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་དག་རྗེས་རབས་པའི་སེམས་ལ་རྡོ་བརྐོས་རི་མོ་བཞིན་དུ་གསལ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།