ཏང་གིས་ང་ཚོའི་སྣེ་ཁྲིད་དེ་ཧུར་ཐག་གིས་མཆོང་སྐྱོད་བྱས་པའི“ལོ་དེ་དག”
2021.09.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

ཚྭ་འདམ་གཞོང་དུ་ཆགས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ལ་ལྗང་མདོག་གིས་ཀུན་ནས་བསྐོར་ཞིང་། གྲོང་ཁྱེར་གྱི་སྲང་ལམ་དུ་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་བཞད་པ་དང་འདབ་ཆགས་བྱིའུ་ཚོགས་ཀྱིས་སྐད་སྙན་སྒྲོག་བཞིན་འདུག ཉེ་ལམ་གསར་འགོད་པ་ན་གོར་མོ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་གདང་ལ་གྲོང་རྡལ་འབྲི་ཆུ་མགོ་ཁུངས་སྡེ་བར་སྐྱོད་དུས། གྲོང་ཁྱེར་དུ་ཡོད་པའི་ལྗང་མདོག་དེ་རྒྱུན་མ་ཆད་པར་གནས་འདིར་བསྲིངས་ཤིང་། གཙང་ཞིང་གྲལ་དག་པའི་སྡོད་ཁང་རེ་རེའི་མདུན་དུ་སྐལ་བཟང་མེ་ཏོག་རྣམ་པར་བཞད་ཡོད་ལ། ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་འོག་ཏུ་སྡེ་བ་འདིར་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ལྟ་བུའི་སྣང་ཚུལ་ཤར་འདུག

ལོ་མང་པོ་ཞིག་འགོར་བའི་དེ་རིང་། གསར་འགོད་པ་ཡང་བསྐྱར་གངས་འདབས་ནས་གནས་སྤར་ཏེ་ཡོང་བའི་སྡེ་བ་འདིར་སྐྱོད་དུས། མིག་གི་མཐོང་ལམ་དུ་མངོན་ཡོང་བ་ནི་ཁོད་སྙོམས་ལ་གྲལ་དག་པའི་བོད་ལུགས་སྡོད་ཁང་དག་ཡིན་ལ། མུ་མཐུད་དུ་སྡེ་བའི་ནང་དུ་སོང་ཚེ། གསར་དུ་སྒོ་ཕྱེས་པའི་བོད་ཟས་ཁང་དང་ན་གཞོན་ལས་སྐྲུན་སྲང་ལམ། ཆེད་ལས་མཉམ་ལས་ཁང་སོགས་རྣམ་པ་གསར་བ་རེ་རེས་ང་ཚོར་འབྲི་ཆུ་མགོ་ཁུངས་སྡེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཏང་གི་རྗེས་འབྲངས་པ་དང་། གོམ་འགྲོས་བརྟན་པོས་བརྒྱ་ལོ་གཉིས་པའི་དམིགས་འབེན་ལ་མཆོང་སྐྱོད་བྱེད་ཀྱིན་པའི་ཡིད་ཆེས་བརྟན་པོ་ཞིག་ངོམ་པ་འདྲ།

འབྲི་ཆུ་མགོ་ཁུངས་སྡེ་བའི་ཁོད་ཡངས་པའི་རིག་གནས་ཐང་ཆེན་དུ་དལ་མོར་སྐྱོད་དུས། གྱང་ངོས་རྡོ་ལེབ་ཀྱིས་བརྩིགས་པའི་བོད་ལུགས་བཟོ་སྐྲུན་ཞིག་མཐའ་འཁོར་གྱི་སྡོད་ཁང་དང་གཞི་གཅིག་ཏུ་འདྲེས་པ་དང་། ཚོས་བྱུགས་པའི་གྱང་ངོས་འབར་འབུར་ཅན་དང་སྒོ་བྱང་གསར་པ་ལས་འདི་ནི་སྡེ་བའི་གསར་དུ་གྲུབ་པའི་ཨར་ལས་ཤིག་ཡིན་པ་གསལ་པོར་ཤེས་ཐུབ།

“འདི་ནི་སྡེ་བས་ད་ལོར་གསར་དུ་ལས་པའི་སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་ཡིན།” གསར་དུ་ཞིག་གསོ་བྱས་པའི་སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་གི་སྒོ་ཁར་ལངས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་དེ་ལྟར་བཤད་ཞོར། ང་ཚོ་འགྲེམས་སྟོན་ནང་དུ་འགྲོ་ཟེར།

མིག་མདུན་གྱི་དཔེ་དབྱིབས་ས་ཁྲ་ཆེ་ཤོས་ཀྱི་སྟེང་དུ། བརྗིད་ཉམས་ཆེ་བའི་གདང་ལ་རི་རྒྱུད་ཀྱིས་ས་ཁྲ་ཡོངས་འཕྲེད་དུ་བཅད་པ་དང་། ཐོ་ཐོ་གཙང་བོའི་འགྲམ་གྱི་སྔོན་ཆད་ཀྱི་སྡེ་རྙིང་དེ་མངོན་གསལ་དོད་པའི་བྱང་བུས་རྟགས་བརྒྱབ་ཡོད་པ་མཐོང་བྱུང་། “ང་ཚོས་སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་འདི་བསྐྲུན་པའི་དམིགས་ཡུལ་ནི་སྡེ་བའི་ཏང་ཡོན་དང་སྡེ་དམངས་ཚོས་དུས་ནམ་ཡང་ད་ལྟའི་འཚོ་བ་ནི་དེ་འདྲའི་ཡོང་སླ་བ་ཞིག་མིན་པ་ཡིད་ལ་དམ་པོར་འཛིན་དུ་འཇུག་རྒྱུ་དེ་ཡིན།” བཀྲ་ཤིས་ཟླ་བས་མཚམས་སྦྱོར་བྱས་ཏེ་བཤད་རྒྱུར། སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་སྔོན་ཆད་ང་ཚོས་གངས་འདབས་སུ་འཚོ་བ་རོལ་དུས་ཀྱི་ཉིན་རྒྱུན་གྱི་ཡོ་བྱད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་མཛད་དུས་ཀྱི་པར་རིས་རྩ་ཆེན། ད་དུང་སྡེ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བའི་བདེན་དཔང་འདྲ་པར་བཅས་ཉར་ཚགས་བྱས་པ་དང་། དེ་དག་གིས་ང་ཚོར་སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དྲིན་གཟོའི་བསམ་པ་བཅངས་ནས་ཏང་གི་རྗེས་འབྲངས་བ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་ཉེར་བདུན་གྱི་མི་གྲངས་དྲུག་བརྒྱ་བཞི་པོ་མཉམ་དུ་ཕྱུག་འགྱུར་འབྱུང་བར་སྐུལ་ཁྲིད་བྱས་ཏེ། ཁྱིམ་ཚང་རེ་རེ་ཡིས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་ཞིག་རོལ་བའི་དམིགས་འབེན་མངོན་འགྱུར་གྱི་སྒུལ་ཤུགས་སུ་གྱུར་ཡོད།

“སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་སྐོར་བ་ཐེངས་ཤིག་བརྒྱབ་པ་ན། སྤོབས་པས་ཁེངས་པའི་ཚོར་བ་ཞིག་ངང་གིས་རྒྱས་ཡོང་།” སྡེ་མི་ཟླ་བ་སྒྲོལ་མ2004ལོར་གནས་འདིར་སྤར་ཏེ། སྲིད་གཞུང་གིས་གཅིག་གྱུར་གྱིས་བསྐྲུན་པའི་སྡོད་ཁང་གསར་པར་བསྡད་པ་མ་ཟད། རྩྭ་སའི་བདག་སྐྱོང་པ་ཞིག་ཏུའང་གྱུར་ཡོད། མོས་བཤད་རྒྱུར། སྡེ་བའི་དོན་དག་ཆུང་ཆུང་སྟེ་ཁྱིམ་མཚེས་བར་གྱི་དོན་དག་ཕྲན་བུ་དང་ཁང་པའི་མདུན་རྒྱབ་ཀྱི་གད་སྙིགས་གཙང་སེལ་བྱེད་པ་ནས་ཆེ་ཕྱོགས་སྡེ་བའི་མཉམ་ལས་ཁང་བཙུགས་པའི་བར་གྱི་བྱ་བ་ཡོད་ཚད་ཧྲུའུ་ཅི་དང་ཏང་ཡོན་ཚོས་བཀོད་སྒྲིག་གང་ལེགས་བྱས་པར་མ་ཟད། ཉིན་འདི་འགར་ཡང་། སྡེ་བའི་ལས་བྱེད་པས་ང་ཚོའི་སྡོད་ཁང་ལ་ཐོན་དབང་མེད་པའི་གནད་དོན་དེ་ཐག་གཅོད་བྱེད་པར་རོགས་རམ་བྱས་པ་དང་། སྡེ་བའི་ནང་དུ་བསྡད་ན་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་པ་དངོས་གནས་ཚོར་བྱུང་།

ངོ་གདོང་ཅུང་ནག་ལ་བལྟས་ན་སྤོབས་ཉམས་ཆེ་བའི་བཀྲ་ཤིས་ཟླ་བས་སྡེ་མི་ཚོའི་སེམས་གཏམ་བཤད་པ་ཐོས་ཚེ། ཁོ་ལ་བཤད་མི་ཤེས་པའི་ཚོར་སྣང་དྲག་པོ་ཞིག་སྐྱེས་བྱུང་ཟེར། ཁོས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་དེར་འབྲི་ཆུ་མགོ་ཁུངས་སྡེ་བར་རྟོག་ཞིབ་མཛད་དུས་ཀྱི་མངགས་བཅོལ་ནན་མོ་དེ་ང་ཚོའི་ཡིད་ལ་དམ་པོར་བཟུང་ཡོད། ལོ་འདི་འགའི་རིང་ལ། སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་རྩ་འཛུགས་ཀྱི་སྐུལ་སྤེལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ‘དམར་པོའི་ཏང་འཛུགས’དང‘སྐྱེ་ཁམས་ཁོར་སྲུང’‘མི་རིགས་མཐུན་སྒྲིལ’‘གྲོང་གསེབ་དར་སྤེལ’བཅས་ཀྱི་འཕེལ་རྒྱས་ཟོང་རྟགས་ལ་དམིགས་ཏེ། འབྲི་ཆུ་མགོ་ཁུངས་སྡེ་བའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་པ་ཡིན་ཟེར།”

འབྲི་ཆུ་མགོ་ཁུངས་སྡེ་བའི་འགྱུར་ལྡོག་ཟིན་བྲིས་སུ་བཀོད་པའི་སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་ནས་སྒོར་བུད་རྗེས། སྡེ་བའི་གཞུང་ལམ་དུ་ང་ཚོ་ཞའོ་མ་དང་འཕྲད་བྱུང་། མོ་རི་མགོར་སྐོར་ཞིབ་ཏུ་སོང་ནས་ཕྱིར་ལོག་མ་ཐག་ཡིན་ལ། མོས་དགའ་ལྷིང་ལྷིང་གིས་ཚང་མར་རྩྭ་ཐང་དུ་མཐོང་བའི་འགྱུར་ལྡོག་གླེང་བྱུང་། ཞའོ་མ་དགའ་སྤྲོའི་ངང་བཤད་རྒྱུར། “རྩྭ་སར་རྩྭ་སྐྱེས་པ་སྔར་ལས་བཟང་བ་དང་། གཞན་ད་དུང་གསར་དུ་ཐོན་པའི་རི་དྭགས་མི་ཉུང་བ་ཞིག་ཀྱང་མཐོང་བྱུང”ཟེར།

ལོ་ཞེ་གསུམ་ཡིན་པའི་ཞའོ་མ་ཡང་སྡེ་བའི་ནང་གི་རྩྭ་སའི་བདག་སྐྱོང་པ་ཞིག་རེད། མོ་རང་དང་ཐོག་རི་འདབས་ནས་གནས་སྤར་ཡོང་སྐབས། སེམས་སུ་ང་ཚོས་ཤུགས་གང་ཡོད་བཏོན་ནས་ཕྱོགས་བཞི་རི་བོས་བསྐོར་བའི་རི་འདབས་ནས་གྲོང་ཁྱེར་དུ་སྤར་ཏེ། ཆུ་གློག་དྲོད་གསུམ་འཛོམས་པའི་སྡོད་ཁང་གསར་པར་བསྡད་པ་མིན་ནམ། སྡེ་བའི་ལས་བྱེད་པ་རྣམས་ཀྱིས་ད་དུང་ཡང“རི་ཁུགས་སྐམ་པོ”དེ་བློས་མི་ཐོངས་དོན་ཅི་ཡིན་ནམ་སྙམ་བྱུང་།

“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན།”མིག་རྡེབ་དབང་ཙམ་གྱིས་ལོ་འགའ་འགོར་སོང་། ལོ་རེར་སྒོར་ཁྲི་གཉིས་ལྷག་གི་སྐྱེ་ཁམས་ཁ་གསབ་མ་དངུལ་ལེན་གྱིན་ཡོད། རྩྭ་ས་བདག་སྐྱོང་པ་ཞིག་ཏུ་གྱུར་ཏེ་ཐོག་དང་པོར་བརྟན་འཇགས་ཀྱི་གླ་ཕོགས་ལེན་དུས་དང་། སྡེ་བས“སྐྱེ་ཁམས”ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་མཐོང་དུས་སུ། ཞའོ་མ་སྐབས་དེར་སྡེ་བའི་ཏང་ཡོན་དང་རྩྭ་ས་བདག་སྐྱོང་པ194དང་མཉམ་དུ་ཡང་བསྐྱར་འབྲི་ཆུའི་མགོ་ཁུངས་སུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐག་གཅོད་དེར་འགྱོད་པ་སྤུ་ཙམ་ཡང་སྐྱེས་ཀྱིན་མེད།

ད་ལྟའི་འབྲི་ཆུ་མགོ་ཁུངས་སྡེ་བས་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ཆེས་མདུན་སར་འབད་བརྩོན་བྱེད་པ་དང་། “ཏང་འཛུགས”སྐུལ་སྤེལ་གྱི་སྣེ་ཁྲིད་འོག སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པའི་འདུ་ཤེས་གོང་བུར་བསྒྲིལ་ནས། མ་འོངས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་གསལ་པོར་རྟོགས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།