འདན་མ་སྡེ་ཁུལ་གྱིས“འཛིན་པ་བཞི”ལ་བརྟེན་ནས་དམངས་ལ་ཕན་བདེ་བསྐྲུན་པ།
2021.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

སྟོན་ཟླ་དགུ་བའི་མཚོ་བོད་མཐོ་སྒང་གི་མཁའ་དབུགས་ཁྲོད་གྲང་རླུང་འཇམ་པོ་ཞིག་ལྡང་རུང་། དར་ལག་རྩྭ་ཐང་ལ་སྔར་བཞིན་སྐྱེ་སྟོབས་ཀྱིས་ཁེངས། ནོར་ནག་གི་ཁྱུ་ནི་སྨུག་སྤྲིན་གྱིས་བཟུང་བའི་རི་རྐེད་དུ་སོས་དལ་བག་ཕེབས་ངང་རྒྱུ།

འདན་མ་སྡེ་ཁུལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་དུ་ཆགས་པ་དང་། ཆ་སྙོམས་ཀྱི་མཚོ་འཕང་སྨི་བཞི་སྟོང་ཉིས་བརྒྱ་ཡོད། 2012ལོར་འདན་མ་སྡེ་ཁུལ་དེ་ཡར་སྔོན་གྱི་རྒྱུ་སྨད་སྡེ་ཁུལ་ནས་ལོགས་སུ་བཀར་ལ། བོད་རིགས་གཙོས་རྒྱ་རིགས་དང་ཧོར་རིགས། སོག་རིགས། ཧོས་རིགས་བཅས་མི་རིགས་ལྔ་འདུས་སྡོད་བྱས་པའི་མཐོ་སྒང་རང་བཞིན་གྱི་སྡེ་ཁུལ་ཞིག་ཡིན་པར་མ་ཟད། དར་ལག་རྫོང་གི་སྡེ་ཁུལ་གསུམ་གྱི་ནང་གི་ཆེས་ཆེ་བའི་སྡེ་ཁུལ་ཞིག་ཀྱང་རེད། འདན་མ་སྡེ་ཁུལ་དུ་བསྡོམས་པས་སྡོད་དམངས་ཁྱིམ་ཚང་སྟོང་གཅིག་དགུ་བརྒྱ་གཅིག་དང་མི་གྲངས་སྟོང་ལྔ་དང་གསུམ་ཡོད།

ད་ལོར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་འདན་མ་སྡེ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དོན་འཁྱོལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་དམིགས་འབེན་དུ་བཟུང་ནས། ཟླ་རེའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་དང་། “ཏང་གི་ལོ་རྒྱུས་སློབ་པ། ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲངས་པ”ཡི་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་ཞིང་། བསམ་བློའི་མཛུབ་སྟོན་དང་འགུལ་སྐྱོད་ཚད་ལྡན་དུ་བཏང་བ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལ་སྣེ་ཁྲིད་དེ་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་ཐུབ་པ་བཅས་བྱས།

ཉེ་བའི་ལོ་འགའི་རིང་ལ། འདན་མ་སྡེ་ཁུལ་གྱིས་དོན་དངོས་ལ་ཟུང་འབྲེལ་དང་དུས་བསྟུན་མདུན་སྐྱོད། ཐབས་ལམ་སྒོ་འབྱེད་བཅས་བྱས་པར་མ་ཟད། ཏང་གི་འཛུགས་སྐྲུན་འཛིན་པ་དང་ཞབས་ཞུ་འཛིན་པ། འཆམ་མཐུན་འཛིན་པ། དོ་དམ་འཛིན་པ་བཅས་འཛིན་པ་བཞིའི་ཐབས་ལ་བརྟེན་ནས་མང་ཚོགས་ལ་ཕན་བདེ་གང་ལེགས་བསྐྲུན།

ཏང་འཛུགས་སྐྲུན་འཛིན་པ།

སྡེ་ཁུལ་ཏང་འཛུགས་སྐྲུན་གྱིས་གཅིག་གྱུར་སྣེ་ཁྲིད་དང་། སྡེ་ཁུལ་དོ་དམ་དང་ཞབས་ཞུ་ལེགས་པོར་སྒྲུབ་པ་བཅས་ཐབས་ལམ་ཞིག་ཏུ་བརྩིས་ཏེ། རྒྱ་ཆེའི་སྡོད་དམངས་མང་ཚོགས་ཀྱི་ཏང་ལ་དྲིན་གཟོ་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་བཏང་ནས། སྡེ་ཁུལ་ཏང་ཀྲི་པུའུ་ཡི་གོང་བུར་བསྒྲིལ་ཤུགས་དང་འཐབ་འཛིང་ནུས་པ། ལྟེ་བར་ཕྱོགས་ཤུགས་བཅས་ཇེ་དྲག་ཏུ་བཏང་།

འདན་མ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་འགུ་དྲག་གིས་བཤད་རྒྱུར། “ང་ཚོའི་སྡེ་ཁུལ་གྱིས་དྲ་ལམ་གྱི་སྟེང་ནས་རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་འགྲན་བསྡུར་དང་མདའ་རྩེད། རྐང་རྩེད་སྤོ་ལོ་འགྲན་བསྡུར་བཅས་ཀྱིས་བྱ་འགུལ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ་གྲུབ་འབྲས་གང་ལེགས་ཐོབ་ཡོད”ཟེར།

ཞབས་ཞུ་འཛིན་པ།

“སྤྲོ་སེམས་འཁོལ་བའི་ངང་ནས་དམངས་ལ་ཞབས་ཞུ་བསྒྲུབ། ལྷད་མེད་བརྩེ་སེམས་དམངས་ཀྱི་དོན”ཞེས་པའི་རྩ་དོན་ལྟར། སྡེ་ཁུལ་ཏང་འཛུགས་དང་ཚོགས་པ། རིག་རྩལ། གཞིས་ལས། འཕྲོད་བསྟེན། བདེ་སྐྱོང་། དམངས་ཕན་རང་འདེམས་ཚོང་ཁང་། འགན་སྲུང་སོགས་ཀྱི་ཞབས་ཞུའི་དཔེ་དབྱིབས་བཙུགས་ཏེ། མཐོ་སྒང་གི་སྡེ་ཁུལ་རྣམ་པ་གསར་པ་ཞིག་གསར་སྐྲུན་བྱེད་ཀྱིན་ཡོད།

དར་ལག་རྫོང་འབོས་པ་ཡུལ་ཚོ་སེར་ཆེན་སྡེ་བའི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཁྱིམ་གུ་རུ་ཚང་ནི2016ལོར་འདན་མ་སྡེ་ཁུལ་དུ་གནས་སྤར་བ་དང་། སྡེ་ཁུལ་གྱིས་རོགས་རམ་དང་རྒྱབ་སྐྱོར་བྱས་འོག་གུ་རུ་ཡིས་རྫོང་ཐོག་ཏུ་གོ་རེ་བཙོང་ས་ཞིག་གཉེར་ཏེ་ཟླ་རེའི་ཡོང་སྒོ་ཕལ་ཆེར་སྒོར་སྟོང་ལྔ་ལ་སླེབས། “སྡེ་ཁུལ་གྱིས་བཀོད་སྒྲིག་འོག་ང་རང་ས་རྐོ་འཕྲུལ་འཁོར་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ། ཁ་ལོ་བའི་ལག་རྟགས་བླངས་པ་དང་། གོ་སྐབས་ཡོད་ཚེ་རྗེས་ཕྱོགས་དེར་བརྟེན་ནས་ཡོང་སྒོ་བཙལ་ཆོག”ཅེས་གུ་རུ་ཡིས་གདོང་ལ་སྤྲོ་བའི་འཛུམ་དང་བཅས་བཤད་བྱུང་།

འདན་མ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་འགུ་དྲག་གིས་བཤད་རྒྱུར། “ང་ཚོས་དམངས་ལ་ཞབས་ཞུ་སྒྲུབ་པ་དང་དམངས་ལ་དོན་དངོས་སྒྲུབ་པ། དམངས་ཀྱི་དཀའ་ཁག་དང་སེམས་ཁྲལ་སེལ་བའི་རྩ་དོན་ལྟར། ནམ་ཡང་དམངས་ཀྱི་བདེ་སྡུག་སེམས་སུ་ཉར་ནས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད”ཟེར།

འཆམ་མཐུན་འཛིན་པ།

འདན་མ་སྡེ་ཁུལ་གྱིས“འབྲལ་ཐབས་མེད་པ་གསུམ་གྱི”རྩ་དོན་ལྟར། རིགས་སོ་སོས་མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བྱེད་པ་དང་ལྷན་དུ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཤུགས་ཚད་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་པོར་བསྒྲུབས་ཤིང་། མཐོ་སྒང་གི་མཛེས་སྡུག་དང་འཆམ་མཐུན་གྱི་སྡེ་ཁུལ་ཞིག་ཤུགས་གང་ཡོད་ཀྱིས་འཛུགས་སྐྲུན་བྱས། “ང་ཚོའི་སྡེ་ཁུལ་གྱི་མི་རིགས་ལྔ་བོ་ནམ་ཡང་སེའུ་འབྲུ་ལྟར་དམ་དུ་འབྲེལ་ཡོད་ལ། ཉིན་འགའི་རྗེས་སུ་འདན་མ་སྡེ་ཁུལ་གྱི་མིང་ཡང་སེའུ་འབྲུའི་ཁྱིམ་གཞིས་སུ་བསྒྱུར་རྩིས་ཡོད”ཅེས་ཧྲུའུ་ཅི་འགུ་གྲགས་ཀྱིས་དེ་ལྟར་བཤད།

དོ་དམ་འཛིན་པ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་འདན་མ་སྡེ་ཁུལ་གྱིས“དྲ་བའི་ཁྲོད་དྲ་མིག་ཡོད་པ་དང་དྲ་མིག་ཁྲོད་མི་གཏན་འཁེལ་བྱེད་པ། ཁྱོན་ཡོངས་སུ་ཁེབས་པའི”རྩ་དོན་ལྟར། ཚན་གཙོ་དང་ཐོག་ཁང་གི་བདག་པོ། སྡེ་ཁག་གི་བདག་པོ་བཅས་རིགས་གསུམ་དུ་དབྱེ་ཞིང་། རང་རང་སོ་སོའི་ལས་འགན་གཅིག་ལྕོགས་སུ་འཁུར་ཏེ། དྲ་མིག་ནང་གི“མི་དང་ས་གནས། གནས་ཚུལ། བྱ་བ། རྩ་འཛུགས”སོགས་ཆ་འཕྲིན་གྱི་རྒྱུན་རྣམ་ཅན་གྱི་དོ་དམ་དང་ཞབས་ཞུ་མངོན་འགྱུར་འབྱུང་དུ་བཅུག

འདན་མ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་འགུ་དྲག་གིས་བཤད་རྒྱུར། “སྡེ་ཁུལ་གྱི་དོ་དམ‘རགས་ལས’ནས‘ཞིབ་ལས’སུ་བསྒྱུར་བ་དང་། སྡོད་དམངས་ཀྱི་ཞབས་ཞུ‘ཁ་ཐོར’ནས‘ས་ཚིགས་གཅིག་ཅན’དུ་བསྒྱུར་ནས་ཕན་འབྲས་གང་ལེགས་ཐོབ་ཡོད”ཟེར།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།