སྐྱེ་ཁམས་ལ་བརྟེན་ནས་དར་རྒྱས་ཀྱི་ལམ་དུ་བསྐྱོད།
2021.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་ལ་མིང་དུ་གྲགས་པའི་མིང་ཞིག་ཡོད་སྟེ། དེ་ནི“ཀྲུང་གོའི་རི་དྭགས་གསའ་ཡི་ཕ་ས”ཞེས་པ་དེ་རེད།

སྔོན་ཆད། གནས་འདི་རུ་སྡོད་པའི་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་དུ་ཕྱུགས་འཚོ་བཞིན་ཡོད་པས། ཕྱི་རོལ་འཇིག་རྟེན་ཞིག་མིག་གིས་མཐོང་མ་མྱོང་ལ་ཕྱི་རྒྱལ་ནི་དེ་བས་ཀྱང་མཐོང་མ་མྱོང་། ད་ལྟའི་རྣམ་སྲས་ནི་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་ཡོད་ཅིང་། ཚན་རིག་ཞིབ་འཇུག་དང་། ཉེན་ཞིབ། ལྗོངས་རྒྱུ་བྱེད་དུ་ཡོང་བའི་ཡུལ་སྐོར་བ་མང་པོ་ཐོན་པས། གནས་འདིའི་ལྷིང་འཇགས་དཀྲོགས་ཤིང་། རི་ཁུལ་རུ་གནས་པའི་འབྲོག་པ་རྣམས་ལ་འཇིག་རྟེན་ཞིག་མཐོང་དུ་བཅུག

རྣམ་སྲས་ཡུལ་ཚོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གནས་སྐོར་ལམ་ཐིག་གཙོ་བོ་རུ་ཡོད་པ་དང་། དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ར་བ་ཁུལ་གྱི་དཀྱིལ་སྙིང་ས་ཁོངས་སུ་ཡོད་པ་དང་། གནས་དེ་ནི་མི་མེད་ལུང་སྟོང་ཤིག་ཡིན་ལ། ལྷག་པར་དུ་རྣམ་སྲས་གྲོག་རོང་ཆེན་མོ་རུ་རྩྭ་ཆུ་འཛོམས་པ་དང་། བྲག་རྡོ་ཁྱད་མཚར་བ། ཆུ་རྒྱུན་ལྷུང་ལྷུང་དུ་འབབ་བཞིན་ཡོད་ཅིང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་བ་དང་། རང་བྱུང་མཛེས་ལྗོངས་ལྟ་ན་སྡུག

2018ལོར། རྣམ་སྲས་ཡུལ་ཚོས་རང་བྱུང་ཉམས་ཞིབ་ལས་གཞིའི་ཚོད་ལྟ་སྤེལ་བ་དང་བསྟུན་ནས2019ལོའི་ཟླ3པར། རང་བྱུང་སྐྱེ་ཁམས་ཉམས་ཞིབ་དང་། རྫ་ཆུའི་ཆུ་ཁར་གཡེང་བའི་ལས་གཞི་གཉིས་ལ་དམིགས་བསལ་ལས་གཉེར་གྱི་ཆོག་མཆན་དབང་ཆ་ཐོབ་པ་དང་། རྣམ་སྲས་ཡུལ་ཚོ་རུ་རང་བྱུང་སྐྱེ་ཁམས་ཉམས་ཞིབ་ཀྱི་སྣེ་ལེན་ཁྱིམ་ཚང་ཉེར་གཉིས་ཡོད་ཅིང་། དེ་དག་གིས་འཛམ་གླིང་གི་ས་ཆ་སོ་སོའི་ཉམས་ཞིབ་ཚོགས་པ་དང་མི་སྒེར་བརྒྱ་ལྷག་སྣེ་ལེན་བྱས་པ་དང་། སྒོར་མོ་ས་ཡ་བཞི་ལྷག་གིས་ཁེ་ཕན་སྐྲུན།

དམིགས་བསལ་ལས་གཉེར་གྱི་ཆོག་མཆན་དེ་ཡིས་སྡེ་བ་ཡོངས་ཀྱི་འབྲོག་པར་དཔལ་འབྱོར་གྱི་ཡོང་སྒོ་སྐྲུན་པ་མ་ཟད། འབྲོག་པའི་ཐོབ་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་། ཁྱིམ་ཚང་ཉེར་གཉིས་པོའི་ཁྲོད་འབྲེལ་འདྲིས་ནུས་པ་འབུར་དུ་ཐོན་པ་དང་། སྡོད་གནས་བཟང་པོའི་འབྲོག་པའི་ཁྱིམ་ཚང་དེ“སྐྱེ་ཁམས་ཉམས་ཞིབ་སྣེ་ལེན་ཁྱིམ་ཚང་”རུ་བདམས་པ་དང་། རི་ཁུལ་གྱི་འབྲོག་པ་རྣམས“སྐྱེ་ཁམས་ཉམས་ཞིབ་ཀྱི་སྣེ་ཁྲིད་པར”གྱུར་ཏེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་སྣེ་ལེན་བྱས།

རྣམ་སྲས་ཡུལ་ཚོའི་ཡུལ་གཙོ་ཚེ་དབང་རྡོ་རྗེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རང་བྱུང་སྐྱེ་ཁམས་ཉམས་ཞིབ་སྣེ་ལེན་ཁྱིམ་ཚང་ཚང་མ་ནི་གཞུང་དྲང་བབ་ཆགས་ཀྱི་འབྲོག་པ་རྐྱང་རྐྱང་ཡིན་པ་དང་། ཡུལ་ཚོ་རུ་ཟ་མ་གཡོ་བསྐོལ་དང་། སྣེ་ལེན་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། སྨན་བཅོས་རྒྱུན་ཤེས་སོགས་ཕྱོགས་ཀྱི་གསོ་སྦྱོང་སྤེལ་བ་བརྒྱུད་དེ། ཁོ་ཚོའི་རྩལ་ནུས་སྣ་སོ་སོ་མུ་མཐུད་དུ་མཐོར་འདེགས་བཏང་བ་དང་། ཡུལ་སྐོར་བས་ཉམས་ཞིབ་བྱས་པ་ལས་ཚུར་སྣང་བཟང་པོ་བྱུང་།

ལོ་འདི་དག་རིང་གི་འབྲོག་པའི་ཐོབ་ཐང་འགྱུར་རྗེས་ཀྱི་འགྱུར་ལྡོག་གླེང་སྐབས། ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར། འབྲོག་པས་ད་ལྟ་ཤེས་པ་ཧ་ཅང་མང་། གནས་འདིར་ཡུལ་སྐོར་ལ་ཡོང་བའི་འགྲུལ་བ་མང་པོ་ཞིང་ཆེན་གཞན་དང་ཕྱི་རྒྱལ་དུ་སྡོད་པ་མང་བས། འབྲོག་པ་དང་མཉམ་དུ་འབྲེལ་འདྲིས་བྱས་པའི་ཉིན་འགའི་ནང་ཁོ་ཚོས་ཕྱི་རོལ་འཇིག་རྟེན་གྱི་དོན་དག་མང་པོ་འབྲོག་པ་རྣམས་ལ་བཤད་དེ་སྔོན་ཐོན་གྱི་བསམ་བློ་འདིར་ཁྱེར་ཡོང་བས། འབྲོག་པའི་མཐོང་རྒྱ་སྔར་ལས་ཆེ་བར་གྱུར་བ་དང་། ལྷག་པར་དུ་ལྟ་བར་འགྱུར་ལྡོག་ཆེན་པོ་བྱུང་ཟེར།

རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བར“སྐྱེ་ཁམས་ཉམས་ཞིབ་སྣེ་ལེན་ཁྱིམ་ཚང་”ཆེས་མང་བ་དང་། ཁྱིམ་ཚང་བཅུ་གཅིག་ཡོད། གཡང་ཐར་ཚང་ནི་དེའི་གྲས་ཀྱི་གཅིག་ཡིན། བྱ་བར་ཧུར་བརྩོན་ལྡན་པས་ཁོ་ཚང་གིས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་ཆེས་མང་བ་དང་། 2020ལོའི་ལོ་ཕྱེད་རིང་ལ་སྒོར་མོ་ཁྲི་གསུམ་ལྷག་གི་ཡོང་སྒོ་ཡོད་པར་གྱུར། 2018ལོར། ཁོ་ཚང་ཕུལ་བྱུང་སྐྱེ་ཁམས་ཉམས་ཞིབ་ས་ཚིགས་སུ་བདམས་པ་དང་། ཡུལ་ཚོ་ཡོངས་ཀྱི་སྣེ་ལེན་དཔེ་སྟོན་དུ་གྱུར་ལ། 2020ལོར་ཡང་བསྐྱར་རྣམ་སྲས་རང་བྱུང་སྐྱེ་ཁམས་ཉམས་ཞིབ་སྡོད་ཁུལ་གྱི་དོ་དམ་མི་སྣར་བདམས་ཤིང་། ཕུལ་བྱུང་ལས་བྱེད་མི་སྣར་བདམས། ཁོའི་སྣེ་ལེན་ས་ཚིགས་སུ་བསྐྱོད་སྐབས། གྱང་ངོས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་། མིང་དུ་གྲགས་པའི་པར་ལེན་མཁན་གྱི་མཉམ་པར་མཐོང་ཐུབ་པ་དང་། སྣེ་ལེན་བྱ་བ་ནས་གླེང་སྐབས་ཁོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

རང་བྱུང་སྐྱེ་ཁམས་ཉམས་ཞིབ་སྣེ་ལེན་ས་ཚིགས་ཀྱི་བྱ་བ་ནི་སྲིད་གཞུང་གིས་ང་ཚོར་སྐྲུན་པའི་སྟེགས་བུ་བཟང་པོ་ཞིག་ཡིན་པ་དང་། ངས་འགྲུལ་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཤིང་། འདི་ནི་སྡེ་བ་ཡོངས་ཀྱི་མི་རྣམས་ལ་ཁེ་ཕན་ཐོབ་པའི་ལས་གཞི་བཟང་པོ་དང་། བྱ་བ་བཟང་པོ་ཞིག་ཡིན་པས། ང་ཚོ་ཁྱིམ་ཚང་གང་བོ་དེ་ལ་ཧ་ཅང་དགའ། ཡུལ་ཚོས་ང་ལ་ཡིད་ཆེས་གནང་བ་དང་། ད་དུང་ང་རང་སྐྱེ་ཁམས་དོ་དམ་ལྟ་སྲུང་བར་བཞག་པས། ལུས་ཕུང་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད། ད་དུང་རྣམ་སྲས་གྲོག་རོང་ཆེན་མོའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་ཡང་བྱས་རྗེས་འཇོག་ཐུབ་པས། ང་རང་ཡིད་ཚིམ་ཡོད།

གཡང་ཐར་གྱིས་བཤད་པའི་སྐད་ཆ་དེ་དག་ཐོས་པ་ན་ཚེ་དབང་རྡོ་རྗེ་ཡིས་གཟེངས་བསྟོད་བྱས།

གཡང་ཐར་གྱི་བུ་མོ་གཡུ་སྒྲོན་གྱིས་ཁྱིམ་ཚང་གི་སྣེ་ལེན་ནུས་པ་གཙོ་བོ་འདོན་བཞིན་ཡོད་པ་དང་། སློབ་གྲྭ་ཆེན་མོ་བཏོན་མ་མྱོང་ཡང་། ཁོ་མོས་རྒྱ་སྐད་བཤད་པ་ཤིན་ཏུ་བཟང་པས། ཡུལ་སྐོར་བ་རྣམས་དང་འབྲེལ་འདྲིས་བྱས་པ་ཧ་ཅང་བཟང་། ཡུལ་སྐོར་བ་རྣམས་ཀྱིས་ལག་ཏུ་པར་ལེན་འཕྲུལ་ཆས་བཟུང་སྟེ་ཙོག་པུར་བསྡད་དེ་རི་སྐྱེས་སྲོག་ཆགས་པར་ལེན་པ་མཐོང་བ་ན་མོ་ཡང་རིམ་གྱིས་པར་ལེན་རྒྱུར་དགའ་བ་ཞིག་ཏུ་གྱུར། 2019ལོར་གཡུ་སྒྲོན་གྱིས་སྒོར་མོ་སྟོང་བརྒྱད་བཀོལ་ནས་མི་ལག་བརྒྱུད་ཟིན་པའི་པར་ལེན་འཕྲུལ་ཆས་ཤིག་ཉོས་པ་དང་། རང་ཉིད་ཀྱིས་པར་ལེན་པར་ཞིབ་འཇུག་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་མོས་པར་བླངས་པ་ཤིན་ཏུ་བཟང་ལ།  ད་དུང་བྱ་དགའ་ཡང་ཐོབ་མྱོང་། གཡང་ཐར་གྱི་མིག་ནང་དུ། གཡུ་སྒྲོན་ལ་དགའ་ཕྱོགས་མེད་པ་དང་། དུས་རྒྱུན་ཕྱུགས་འཚོ་བ་དང་། ཁྱིམ་ལས་ལས་བཞིན་ཡོད། པར་ལེན་རྒྱུར་དགའ་བ་ནས་བཟུང་། ཁོ་མོ་སྔར་ལས་དགའ་སྤྲོས་ཁེངས་ཡོད་པ་དང་། ཉིན་རྒྱུན་གདོང་ལ་འཛུམ་གྱིས་ཁེངས་འདུག བུ་མོའི་བདམས་གསེས་འདི་ལ་གཡང་ཐར་གྱིས་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད།

གཡུ་སྒྲོན་ད་དུང་ཆེད་དུ“རྒོད་པའི་ཀྲུང་གོ--ཀྲུང་གོའི་རི་སྐྱེས་སྲོག་ཆགས་པར་ལེན་སྦྱོང་བརྡར”ནང་ཞུགས་ནས་གསོ་སྦྱོང་དཔང་ཡིག་ཀྱང་བླངས་ཡོད། ཉེ་ལམ། གཡུ་སྒྲོན་གྲོགས་པོ་དང་མཉམ་དུ་ལྷ་སར་བསྐྱོད་དེ་ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་པར་བླངས་པ་དང་། ཞོར་དུ་ཨ་ཕའི་རེ་བ་བཞིན་བོད་ལྗོངས་ཀྱི་རང་བྱུང་སྐྱེ་ཁམས་ཉམས་ཞིབ་སྣེ་ལེན་ཁྱིམ་ཚང་གི་སྣེ་ལེན་རྣམ་པར་ལྟ་ཞིབ་བྱས་ཤིང་། རང་ཁྱིམ་གྱིས་ད་དུང་ཅི་ཞིག་ལ་སློབ་སྦྱོང་བྱེད་དགོས་པ་དང་ལེགས་བཅོས་བྱེད་དགོས་ས་གང་དག་ཡོད་པར་ལྟོས།

རྣམ་སྲས་ཡུལ་ཚོ་ནི་གཡུ་སྒྲོན་དང་འདྲ་བར་རང་བྱུང་སྐྱེ་ཁམས་ཉམས་ཞིབ་ལས་གཞིར་འབྲེལ་འདྲིས་བྱས་པ་བརྒྱུད་དེ་པར་ལེན་རྒྱུར་དགའ་བའི་ན་གཞོན་མང་པོ་བྱུང་། ཁོ་ཚོ་རང་ཉིད་ཀྱིས་རྩ་འཛུགས་བྱས་པའི་ཡུལ་ཚོ་ཡོངས་ཀྱི་ཁྱབ་ཁོངས་ནང་མི་བཞི་བཅུ་ལྷག་གིས་གྲུབ་པའི་འབྲོག་པའི་པར་ལེན་རུ་ཁག་ཅིག་བཙུགས་པ་དང་། མི་རེ་རེར་པར་ལེན་འཕྲུལ་ཆས་རེ་ཡོད་ལ། ཁོ་ཚོས་རྣམ་སྲས་གྲོག་རོང་ཆེན་མོའི་རི་དྭགས་གསའ་དང་། བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་མང་པོ་པར་དུ་བླངས་ནས་ད་དུང་ཧྲང་ཧེ་གྲོང་ཁྱེར་སོགས་སུ་འགྲེམ་སྟོན་ལ་ཞུགས་མྱོང་།

སྔོན་ཆད་སེམས་ལའང་དྲན་མ་མྱོང་བ་ཞིག་ནི་རི་ཟབ་ལུང་གྲོག་དུ་གནས་བཅས་པའི་འབྲོག་པ་མང་ཚོགས་རྣམས་ནི“མཐོང་རྒྱ་ཅན”གྱི་མི་རུ་གྱུར་ཡོད་པ་དང་། མི་སྔར་ལས་མང་པོས་རིའི་ཕ་རོལ་གྱི་འཇིག་རྟེན་ཞིག་ལ་རེ་སྙེག་བྱེད་བཞིན་འདུག

དཔལ་འབྱོར་གྱི་ཕན་འབྲས་ཆུང་ཡང་། ལྟ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རང་བྱུང་སྐྱེ་ཁམས་ཉམས་ཞིབ་ལས་གཞིའི་ཁེ་ཕོགས་དེ་རྣམ་སྲས་ཡུལ་ཚོ་རུ་མུ་མཐུད་དུ་ཤུགས་ཆེན་པོས་སྤེལ། འགྱུར་ལྡོག་དེར་ཚེ་དབང་རྡོ་རྗེ་དགའ་བས་མྱོས་ཡོད་པ་དང་། ཁོས་བཤད་རྒྱུར། ད་ལྟའི་འབྲོག་པ་རྣམས་ནི་ང་ཚོ་ཞིང་སྡེ་དར་སྤེལ་གྱི་བགྲོད་ལམ་སྟེང་གི་གཙོ་ཤུགས་དམག་ཡིན་ཟེར།

འབད་བརྩོན་ལ་དགའ་བའི་རྣམ་སྲས་ཡུལ་ཚོའི་མི་རྣམས་སྤོབས་པ་ཆེན་པོས་མདུན་བསྐྱོད་བྱེད་བཞིན་ཡོད་པ་དང་། དྲང་ཕྱོགས་ཀྱི་ནུས་པ་བཏོན་སྟེ། ཞིང་སྡེ་དར་སྤེལ་གྱི་རེ་བ་དེ་རྣམ་སྲས་ཡུལ་ཚོ་ནས་དལ་བུར་ཡར་བསྒྲེངས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།