མི་གཅིག་ཀྱང་མ་ལུས་པར་ཉིང་སྐྱུར་བཤེར་འཇལ་བྱེད་རྒྱུ་དེ་ང་ཚོའི་དམིགས་ཡུལ་ཡིན།
2021.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

“མི་གཅིག་ཀྱང་མ་ལུས་པར་ངེས་པར་དུ་ཉིང་སྐྱུར་བཤེར་འཇལ་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཡིན་ལ་དམིགས་ཡུལ་ཡང་ཡིན”འདི་ནི་མཁར་བྱང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་རྣམས་ལ་བཞག་པའི་དམ་བཅའ་རེད།

གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་དགོས་མཁོར་གཞིགས་ནས་མཁར་བྱང་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་མྱུར་དུ་ཁོངས་གཏོགས་ས་ཁུལ་གྱི་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ།འགོག་ཟོན་ཁུལ་བཅས་སུ་ཕྱོགས་ཡོངས་ནས་ཉིང་སྐྱུར་བཤེར་འཇལ་བྱེད་མགོ་བརྩམས།

གོ་རིམ་ལྡན་པའི་བྱ་བའི་སྒྲུབ་སྟངས་ཀྱིས་སྡོད་དམངས་ཚོས་ཡུལ་དངོས་སུ་ཉིང་སྐྱུར་བཤེར་འཇལ་བྱེད་པར་སྟབས་བདེ་བཟོས།

རས་གུར་ཕུབ་པ་དང་ལམ་གྱི་བཀག་རྒྱ་སེལ་བ། དངོས་ཟོག་སྐྱེལ་འདྲེན་དང་བརྡ་སྦྱོར་གཏོང་བ་སོགས་བྱས་ཏེ།སྔ་དྲོའི་དུས་ཚོད་བདུན་ལ་ཐོན་དུས།མཁར་བྱང་ཁུལ་གྱི་ཉིང་སྐྱུར་བཤེར་འཇལ་བྱེད་ཡུལ31གི་གྲ་སྒྲིག་བྱ་བ་ཡོངས་སུ་གྲུབ་པར་བྱས། ཉིན་དེའི་སྔ་དྲོ་གསར་འགོད་པ་ཡང་ཀོང་ལེ་ཅིན་སྡོད་ཁུལ་དུ་ཐོན་དུས།སྡོད་ཁུལ་གྱི་ལུས་རྩལ་ར་བའི་ནང་དུ་སྡོད་དམངས་རྣམས་སྔ་མོ་ནས་གྲལ་རིང་བོར་བསྒྲིགས་འདུག་ཅིང་། ཞིང་སྐྱུར་བཤེར་འཇལ་བྱེད་མཁན་གྱི་སྨན་བཅོས་མི་སྣ་རྣམས་གཅིག་ཀྱང་ཆད་ལུས་མེད་པར་ལས་རྐང་སྟེང་དུ་ཐོན་ཏེ།རས་གུར་སྔོན་པོ་དག་གི་མདུན་དུ་བཞག་ཡོད་པའི་སྒྲོག་ཙེ་རེ་རེའི་སྟེང་དུ་ཉིང་སྐྱུར་བཤེར་འཇལ་བྱེད་པར་ཉེར་མཁོའི་ཅ་ལག་སྐོར་གྲལ་དག་པོར་བསྒྲིགས་འདུག

དེ་རིང་ང་ཚོ་ཉིང་སྐྱུར་བཤེར་འཇལ་བྱེད་དུ་ཡོང་ནས་བལྟས་ན་སྒྲིག་ལམ་དང་གོ་རིམ་སོགས་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་གཟབ་ནན་རེད། མཁར་གྲོང་དོ་དམ་པ་རྣམས་ཀྱིས་གོ་རིམ་ལྡན་པའི་ཁྲིད་སྟོན་བྱེད་བཞིན་འདུག་ལ།སྡོད་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ཀྱིས་སྡོད་དམངས་རེ་རེའི་ཆ་འཕྲིན་ཐོ་འགོད་བྱེད་པ་དང་། ཡུལ་དངོས་ཀྱི་ལས་བྱེད་པ་གཞན་དག་གིས་གྲལ་སྒྲིག་པའི་སྡོད་དམངས་ཚོར་བར་ཐག་རྨིད་གཅིག་རེ་བཞག་ནས་གྲལ་བསྒྲིག་དགོས་ཚུལ་སྐོར་ནས་གསལ་འདེབས་བྱེད་ཀྱིན་འདུག་པས་ང་ཚོའི་སེམས་ཧ་ཅང་བདེ་མོ་ཞིག་རེད་ཅེས་སྡོད་དམངས་ཧི་སི་ཆང་གིས་བཤད།

“ང་ཚོའི་སྡོད་ཁུལ་དུ་ཉིང་སྐྱུར་བཤེར་འཇལ་ས་ཚིགས15བཙུགས་ཡོད། སྡོད་ཁུལ་འདིར་ཁྱིམ་ཚང་ཉིས་སྟོང་ཉིས་བརྒྱ་ལྷག་ཙམ་ཡོད་པས་བདེ་འཇགས་ཀྱི་ཐད་ལ་དོ་སྣང་ཆེན་པོ་བྱེད་དགོས། དེ་བས་སྡོད་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ཀྱིས་རིམ་པ་བཀར་ནས་སྡོད་དམངས་རྣམས་ཉིང་སྐྱུར་བཤེར་འཇལ་བྱེད་པར་བཀོད་སྒྲིག་བྱེད་བཞིན་ཡོད། དེ་ལྟར་བྱས་ན་མགྲོགས་མྱུར་དང་བདེ་འཇགས་ཀྱི་སྒོ་ནས་ཉིང་སྐྱུར་བཤེར་འཇལ་བྱེད་ཐུབ་ཅེས་སྡོད་ཁུལ་དེའི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས།

རྩ་གཉིས་ཨང་རྟགས་དེ་མཁར་གྲོང་དོ་དམ་མི་སྣའི་གྱོན་པའི་སྟེང་དུ་སྦྱར་ཡོད་པས་ཀུན་ལ་སྟབས་བདེ་བཟོས།

ཉིང་སྐྱུར་བཤེར་འཇལ་བྱེད་པར་གྲལ་རིང་བོ་སྒྲིག་པའི་ཁྲོད་དུ་ལུས་ལ་འགོག་སྲུང་ལྭ་བ་གྱོན་པའི་མཁར་གྲོང་དོ་དམ་པ་རྣམས་བྲེལ་བ་ཤིན་ཏུ་ཆེ།ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པར་མ་ཟད།ལག་འཁྱེར་ཁ་པར་བཀོལ་སྤྱོད་བྱེད་མི་ཤེས་པའི་རྒན་རྒོན་རྣམས་ལ་ཆ་འཕྲིན་འབྲི་རོགས་ཀྱང་བྱེད་དགོས་ཀྱི་ཡོད་པས་ཁོ་ཚོ་ནི་དཔུང་སྡེ་དེའི་ཁྲོད་ཀྱི་བྲེལ་འཚུབ་ཆེས་ཆེ་ཤོས་དག་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན།ཉིང་སྐྱུར་བཤེར་འཇལ་བྱེད་མཁན་གྱི་མི་གྲངས་ཧ་ཅང་མང་པས་མི་རྣམས་ཀྱིས་རྩ་གཉིས་ཨང་རྟགས་བཤར་འབེབས་བྱེད་སྟངས་དལ་དྲགས་ན་དུས་ཚོད་འགོར་འགྱངས་བཟོ་བར་དོགས་ནས།མཁར་གྲོང་དོ་དམ་པ་དེ་རྣམས་ཀྱིས་རྩ་གཉིས་ཨང་རྟགས་ཐད་ཀར་དུ་རང་གི་གྱོན་གོས་ཀྱི་རྒྱབ་ཏུ་སྦྱར་རྗེས་ཁོ་ཚོ་གྲལ་བསྒྲིགས་པའི་མི་ཚོགས་ཀྱི་ཁྲོད་དུ་སོང་ནས་སྡོད་དམངས་རྣམས་ལ་རྩ་གཉིས་ཨང་རྟགས་བཤར་འབེབས་བྱེད་དུ་འཇུག་པའི་ཚུལ་ནི་ཤིན་ཏུ་སྙིང་ཉེ་ཞིང་སེམས་དྲོ་བ་ཞིག་རེད།

“མདང་དགོང་ནམ་གུང་ང་ཚོས་མངའ་ཁོངས་ཀྱི་ས་ཁུལ་ཁག་ཏུ་གུར་ཕུབ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་མགོ་བརྩམས་པ་ཡིན།ཞོགས་པའི་དུས་ཚོད་བདུན་ལ་ཐོན་དུས་གྲོང་ཁྱེར་དོ་དམ་མི་སྣ60ཡིས་ཡང་ཀོང་ལེ་ཅིན་སྡོད་ཁུལ་དུ་གོང་རིམ་གྱི་བཀའ་ལ་སྒུག་ནས་བསྡད་ཡོད། ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ནས་སྡོད་དམངས་རྣམས་ཀྱིས་མགྱོགས་མྱུར་ངང་ཉིང་སྐྱུར་བཤེར་འཇལ་བྱེད་ཐུབ་པར་རོགས་རམ་བྱེད་ཆེད། མཁར་བྱང་ཁུལ་གྱི་སྡེ་ཁག་སོ་སོའི་ལས་བྱེད་མི་སྣ་རྣམས་ཀྱིས་འབྲེལ་གཏུག་ས་ཚིགས་ཀྱི་བྱེད་ཐབས་ཐོག་ནས་ཉིང་སྐྱུར་བཤེར་འཇལ་བྱེད་ཡུལ31བརྟན་སྲུང་བྱས་ཡོད”ཅེས་མཁར་བྱང་ཁུལ་གྲོང་ཁྱེར་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣ་རིན་ལུང་གིས་དེ་ལྟར་མཚམས་སྦྱོར་བྱས།

ནུས་ཤུགས་ཡོད་རྒུས་ཐེངས་འདིའི་རྒྱུགས་གཞི་ཆེན་པོ་འདིར་རྒྱུགས་ལན་ཡག་པོ་སྤྲོད་དགོས

ཉིང་སྐྱུར་བཤེར་འཇལ་བྱེད་པའི་བྱ་བའི་ལས་རིམ་སོ་སོ་བདེ་འཇགས་དང་གོ་རིམ་ལྡན།ཞིང་སྐྱུར་བཤེར་འཇལ་བྱེད་པའི་ཡུལ་དངོས་སུ་ཡོད་པའི་མཁར་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་གཙོ་དབྱང་ཀྲན་ཚང་གིས་མངོན་མེད་ནད་དུག་གི་ཉེན་ཁ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་ཆེད།མཁར་བྱང་ཁུལ་གྱིས་མྱུར་དུ་ཇུས་གཞི་བཟོས་པ་དང་མཉམ་དུ་ཀུན་ལ་བརྡ་ཁྱབ་བཏང་ནས་འཕྲལ་དུ་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་དང་གྲོང་ཁྱེར་དོ་དམ་སྡེ་ཁག འཕྲལ་སྡོམ་རུ་ཁག སྡོད་ཁུལ་སོགས་སྡེ་ཁག་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མི2000ཙམ་རྩ་འཛུགས་བྱས་ནས་དངོས་སུ་བྱ་བ་སྒྲུབ་མགོ་བརྩམས། ཉིང་སྐྱུར་བཤེར་འཇལ་དཔེ་སྟོན་ས་ཚིགས31ལ་རས་གུར45བརྒྱབ་པ་དང་སྨན་བཅོས་མི་སྣ་428བཀོད་སྒྲིག་བྱས་ཏེ།ཁོངས་གཏོགས་ཁུལ་དུ་དབྱེ་འབྱེད་གཏན་འཁེལ་བྱས་པའི་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ།འགོག་ཟོན་ཁུལ་བཅས་སུ་སྡོད་དམངས་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱས་པ་ཡིན། ཐེངས་འདིར་ཉིང་སྐྱུར་བཤེར་འཇལ་བྱེད་པའི་བྱ་བ་དེ་ནི་མཁར་བྱང་ཁུལ་རང་ངོས་ནས་བརྗོད་ན་ལས་འགན་ཆེན་པོ་ཞིག་ཡིན་ལ་ལག་ལེན་དངོས་ཀྱི་འཐབ་རྩོད་ཅིག་ཀྱང་རེད།ཐེངས་འདིའི་ཉིང་སྐྱུར་བཤེར་འཇལ་བྱེད་པའི་ལས་འགན་འདི་བརྒྱུད་ནས་སྡེ་ཁག་སོ་སོའི་བར་གྱི་མཐུན་སྦྱོར་མཉམ་ལས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ཕྱོགས་བསྡུས་ནུས་པར་མཐོར་འདེགས་ཆེན་པོ་བྱུང་ཡོད་ཟེར།

                                                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།