རིམས་འགོག “འཐབ་རའི”སྟེང་གི་ཀྲང་ཧའེ་ལིན།
2021.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲང་ཧའེ་ལིན་གྱིས་ཉིང་བསྐྱུར་བཤེར་འཇལ་བྱེད་སར་རོགས་བྱེད་བཞིན་པ། 

ཀྲང་ཧའེ་ལིན་ལ་ཆུང་དུས་ནས་དམག་མི་བྱེད་པའི་ཕུགས་འདུན་ཞིག་ཡོད་པ་དང་། ཕུགས་འདུན་དེ་ད་ལྟའི་བར་མངོན་འགྱུར་བྱུང་མ་ཐུབ་ཡང་། ཁོ་མོ་འཐབ་ཕྱོགས་དང་པོར་མཆོངས་པའི་དཔའ་བོའི་བརྩེ་སེམས་དེ་ནམ་ཡང་ཡིད་ལ་དམ་པོར་བཅངས་ཡོད། ད་ལྟ། རིམས་ནད་འགོག་རྒོལ་གྱི “འཐབ་རའི”སྟེང་། གང་དུ་དགོས་མཁོ་ཡོད་ན། མོའི་གཟུགས་བརྙན་དེ་གནས་དེ་རུ་མཐོང་ཐུབ།

ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་བདེ་ཐང་གསོ་རིག་ཚན་ཁག་གི་ནད་སྐྱོང་མའི་འགོ་གཙོ་ཀྲང་ཧའེ་ལིན་གྱིས་ཉིན་གཅིག་གི་བྲེལ་ཟིང་གི་བྱ་བ་མཇུག་སྒྲིལ། ཟླ་བཅུ་བ་ནས་བཟུང་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཁོ་མོས་ཉིང་བསྐྱུར་བཤེར་འཇལ་གྱི་མ་དཔེ་སྐྱེལ་འདྲེན་དང་མ་དཔེ་ལེན་སའི་སྒྲིག་ལམ་ལ་བརྩི་སྲུང་བྱེད་པའི་ལས་འགན་འཁུར་ཡོད། འདི་ནི་ནད་དུག་དང་དུས་ཚོད་བརྩོན་ལེན་བྱེད་པ་ཞིག་ཡིན་ལ། ཚེ་སྲོག་བརྩོན་ལེན་བྱེད་པ་ཞིག་ཀྱང་ཡིན། ཀྲང་ཧའེ་ལིན་གྱིས་བཤད་རྒྱུར། མ་དཔེ་རྣམས་སྔ་མོ་ནས་བཤེར་འཇལ་ས་ཚིགས་སུ་བསྐྱལ་ན་འགོས་ཁྱབ་ཀྱི་ཉེན་ཁ་སྔར་ལས་ཇེ་ཆུང་དུ་གཏོང་ཐུབ་པ་དང་། ང་ཚོ་ནད་དུག་ལས་མགྱོགས་དགོས་ལ། ཆེས་མགྱོགས་པོའི་སྒོ་ནས་རྟག་དཔྱད་ཚར་བར་ཁག་ཐེག་བྱེད་དགོས་ཟེར།

ཉིང་བསྐྱུར་མ་དཔེ་སྐྱེལ་འདྲེན་ཚན་ཆུང་གི་ཚན་གཙོ་དང་། ལྷག་པར་དུ་ཀྲུང་གུང་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཁོ་མོས་འཐབ་ཕྱོགས་དང་པོ་རུ་རང་ཉིད་ཀྱི་ནུས་ཚོད་ཀྱིས་བྱ་བ་མང་པོ་སྒྲུབ་བཞིན་ཡོད། ཉིང་བསྐྱུར་མ་དཔེ་ལེན་མཁན་ལ་ཟ་མ་ཟ་ཁོམ་ཡང་མེད་པ་དང་། ཁོ་མོས་རང་འགུལ་ངང་ཚང་མར་ལས་ཀ་ལས་རོགས་བྱས་ནས་ལས་གྲོགས་ལ་ངལ་གསོ་བྱེད་དུ་འཇུག་བཞིན་ཡོད། བུད་མེད་བློ་མཐུན་ཞིག་ཡིན་པའི་ཆ་ནས། ཁོ་མོས་རང་གི་བྱ་བ་སྒྲུབ་ཚར་རྗེས་མུ་མཐུད་དུ་རྒྱ་མ་བཞི་བཅུ་ཡོད་པའི་སྨན་གཏོར་སྒྲིག་ཆས་འཁུར་ནས་གྲུ་ཟུར་རེ་རེར་དུག་སེལ་ཀྱང་བྱས། ཉིང་བསྐྱུར་བཤེར་འཇལ་བྱེད་དུ་ཡོང་བའི་ནད་པ་ཇེ་མང་དུ་སོང་བ་ན། ཁོ་མོས་ཡང་རང་འགུལ་ངང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ནས་ཚང་མའི་བདེ་འཇགས་ལ་ཁག་ཐེག་བྱས།

ཀྲང་ཧའེ་ལིན་གྱིས་དུག་སེལ་བྱེད་བཞིན་པ། 

“དུས་ཚོད་ནི་སྐད་ཅིག་ཙམ་ལ་ཕར་འདས་པ་དང་།  བསིལ་རླུང་དལ་བུར་རྒྱུ་བཞིན་འདུག བགྲོད་དུས་ཕ་ཡུལ་དྲན་པ་དང་། སྡོད་དུས་ཕ་ཡུལ་དྲན་ལ། སད་དུས་ཕ་ཡུལ་དྲན་ཞིང་། གཉིད་དུས་ཀྱང་ཕ་ཡུལ་དྲན་འོངས། ཕྲག་སྟེང་དུ་ལས་འགན་ལྗིད་མོ་འཁུར་ཡོད་པས། བགྲོད་དུས་དམངས་དོན་སྒྲུབ་དགོས་པ་དང་། སྡོད་དུས་དམངས་དོན་བསམ་དགོས་ལ། སད་དུས་དམངས་དོན་སེམས་ཤིང་། གཉིད་དུས་ཀྱང་དམངས་དོན་བསམ་བཞིན་ཡོད། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། རྒྱལ་ཁབ་བརྟན་ཞིང་དམངས་སེམས་བདེ་བའི་སྒོ་ནས་ཕྱིར་ལོག་ཐུབ་པར་སྨོན”ཞེས་པ་འདི་ནི་ཀྲང་ཧའེ་ལིན་གྱིས་ལྦུའུ་ཧན་དུ་སྨན་བཅོས་རོགས་སྐྱོར་བྱེད་སྐབས་ཕ་ཡུལ་དྲན་པའི་སྐབས་སུ་བྲིས་པའི་མྱོང་ཚོར་ཕྲན་བུ་ཞིག་རེད། ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཁོ་མོས་རང་འགུལ་ངང་ལྦུའུ་ཧན་ལ་རོགས་སྐྱོར་བྱེད་དུ་འགྲོ་བའི་རེ་ཞུ་བྱས་པ་དང་། ཆེས་ཐོག་མར་ལྦུའུ་ཧན་ལ་རོགས་སྐྱོར་བྱེད་དུ་འགྲོ་བའི་སྨན་བཅོས་རུ་ཁག་གི་རུ་མི་ཞིག་ཏུ་གྱུར། ཧུའུ་པེ་རུ་ཉིན་མཚན་ལྔ་བཅུ་ང་གཉིས་རིང་ལ་འབད་འཐབ་བྱས་པ་དེ་ལས་ཁོ་མོས་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་ཡོད་པ་དང་། ལས་ཁུངས་སུ་ཕྱིར་ལོག་རྗེས། ཁོ་མོས་རང་འགུལ་ངང་ཉིང་བསྐྱུར་སྒོ་བསྟེན་ཁང་དུ་བྱ་བ་སྒྲུབ་རྒྱུའི་རེ་ཞུ་བྱས་ཤིང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་བར་སྟེ། དུས་ཡུན་ལོ་གཅིག་ཙམ་གྱི་རིང་གི་དབྱར་དགུན་སྟོན་དཔྱིད་ལས། ཁོ་མོས་དབྱར་ཁའི་ཚ་གདུག་འོག་ཏུ་འགོག་སྲུང་ལྭ་བའི་ནང་ལུས་ཡོངས་རློན་པར་བཏང་བའི་དཀའ་བ་ཉམས་སུ་མྱངས་མྱོང་ལ། དགུན་འཁྱག་གྲང་མོའི་ཁྲོད་རུས་རྐང་ལ་ཟུག་འདྲའི་གྲང་རླུང་གི་ན་ཟུག་བཟོད་བསྲན་ཡང་བྱས་མྱོང་། དཀའ་སྡུག་དེ་དག་བརྒྱུད་མྱོང་བའི་རྐྱེན་གྱིས་ཁོ་མོས་ད་གཟོད་རང་གི་ལས་གྲོགས་ལ་སེམས་ཁུར་བྱེད་ཅིང་། རང་གི་ནུས་ཚོད་ཀྱིས་གཞན་ལ་རོགས་རམ་བྱས་ནས་སྨན་ཁང་གི་རིམས་ནད་འགོག་སྲུང་བྱ་བར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ།

ཀྲང་ཧའེ་ལིན་ནི་ཏང་ནང་དུ་ཞུགས་ནས་ལོ་བཅུ་གཅིག་འགོར་བའི་ཏང་ཡོན་ཞིག་ཡིན་པ་དང་། ལོ་བཅུ་གཅིག་སྔོན་གྱི་ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཀྲུང་གོའི་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་བ་དང་། སྐབས་དེར་བྱ་བའི་སྟེང་ཞུགས་ནས་ལོ་གཉིས་ལས་འགོར་མེད་པའི་ཀྲང་ཧའེ་ལིན་གྱིས་གོས་དཀར་ཕོ་ཉས་ནད་པ་སྐྱོབ་པའི་འགན་འཁུར་ཕྲག་ཏུ་བླངས་ནས་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བའི་ནང་ཞུགས། སྐབས་ཐོག་དེར་ཁོ་མོ་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས།

དུག་སེལ་སྣོད་ནང་དུ་དུག་སེལ་ཆུ་ལྡུགས་བཞིན་པ། 

ཀྲང་ཧའེ་ལིན་གྱིས་བཤད་རྒྱུར། ངས་རང་ཉིད་ཀྱིས་སྒྲུབ་འོས་པ་ཞིག་སྒྲུབ་པ་ཡིན་ལ། ད་དུང་མི་འདང་ས་མང་པོ་ཡོད། ངས་མུ་མཐུད་དུ་ཏང་ཡོན་རྒན་པར་སློབ་སྦྱོང་བྱེད་པ་དང་། ན་གཞོན་ཏང་ཡོན་མིག་དཔེ་རུ་བཟུང་ནས་ཚང་མ་དང་མཉམ་དུ་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། འཐབ་ཕྱོགས་དང་པོ་ནས་འགོག་སྲུང་བྱེད་པ། འཐབ་ཕྱོགས་དང་པོ་ནས་འབད་འཐབ་བྱས་ཏེ། རིམས་ནད་འགོག་སྲུང་གི་འཛིང་རགསབརྟན་པོ་ཞིག་བརྩིགས་རྒྱུ་ཡིན། ཚང་མས་དམངས་སེམས་གཅིག་མཐུན་དང་། ནུས་ཤུགས་ཡོད་དགུ་བཏོན་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱས་ན། དུ་ཞགས་མེད་པའི་དམག་འཐབ་འདི་ལ་ང་ཚོས་རྒྱལ་ཁ་ལེན་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།