རྨ་ཆུའི་མགོ་ཁུངས་ཀྱི་དམངས་ཕྱུག་གཏམ་རྒྱུད།
2021.11.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

སྟོན་མཇུག་གི་རྨ་ཆུའི་མགོ་ཁུངས་རྩྭ་ཐང་གི་ཁ་དོག་སྔར་ལས་ཁྲ་ཆིལ་ཆིལ་དུ་སྣང་ཞིང་། སྔོ་བསངས་ནམ་མཁའ་དང་སྤྲིན་དཀར་གྱིས་རྩྭ་ཐང་དང་ཡིད་འོང་མཚེའུ་རབ་ཏུ་བརྒྱན་ལ། ཐར་ཐོར་དུ་གནས་པའི་ནོར་ལུག་གིས“དམངས་ཕྱུག་གཏམ་རྒྱུད”འདི་འདྲ་ཞིག་རུམ་འདུག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་གྱི་རི་ཕྱོར་སྡེ་བ་ནི་རྫོང་མཁར་ནས་སྤྱི་ལེ70ཡི་མཚམས་སུ་ཡོད་པ་དང་། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་རི་ཕྱོར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གསོ་སྤེལ་རྟེན་གཞི་རུ་སོང་བ་ན། རྩྭ་ཁང6གི་ནང་དུ་དོས་བརྒྱབ་པའི་རྩྭ་སྐྱ་ཡིས་བཀང་འདུག་ཅིང་། ལུག་ར7གྱི་ནང་དུ་ཤ་ཤེད་རྒྱས་པའི་གཡང་དཀར་ལུག་བཀག་འདུག

རིག་སྟོབས་ནི་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་རི་ཕྱོར་སྡེ་བའི་གསོ་སྤེལ་མཉམ་ལས་ཁང་གི་ལས་འཛིན་རེད།

དུས་རབས་སྔོན་མའི་ལོ་རབས60པ་ནས80པའི་བར། རྨ་སྟོད་རྫོང་ནི་རྒྱལ་ཡོངས་ཀྱི་ཕྱུགས་ལས་འབྱོར་ལྡན་རྫོང་ཐོག་མ་ཡིན་ལ། རྫོང་ཡོངས་སུ་མི་གྲངས6000མི་ལོངས་པ་དེར་སྒོ་ཟོག་འབུམ་བདུན་དབང་ཡོད།

འོན་ཀྱང་། ཚད་ལས་བརྒལ་བའི་ཕྱུགས་ཟོག་འཚོ་སྐྱོང་བྱས་པ་དེས་རྩྭ་ས་ཇེ་ཞན་དང་མཚེའུ་ཇེ་ཆུང་། ས་ནག་ཐང་རྒྱ་ཆེར་སོང་བ་བཅས་ཀྱིས་སྐྱེ་ཁམས་ལ་གཏོར་བརླག་ཐེབས།

“རྩྭ་ཆུ་མེད་སྟབས། ནོར་ལུག་གི་ཤ་ཤེད་ཉིན་རེ་ནས་ཉིན་རེར་ལྷུང་བ་དང་། ཤི་ཚད་ཀྱང་ཇེ་མང་དུ་སོང་། དེ་དུས་འབྲོག་པ་ཚོས་མཚམས་མ་ཆད་པར་རྩྭ་ས་བརྗེས་མོད། འོན་ཀྱང་ཐབས་ཅི་ཡང་མ་རྙེད”ཅེས་རིག་སྟོབས་ཀྱིས་དེ་ལྟར་བཤད།

སྒོ་ཟོག་གི་གྲངས་ཀ་ཉུང་བའི་གསོ་སྤེལ་ལས་རིགས་ཀྱི་རེ་བ་གང་དུ་མཆིས་སམ། འབྲོག་དམངས་ཚམ་ཚོམ་དུ་གྱུར་པའི་སྐབས་དེར། དབུལ་ཐར་གྱི་རླུང་བུ་མཚོ་བོད་མཐོ་སྒང་དུ་ལྡང་བྱུང་། རྩྭ་སའི་གནོན་ཤུགས་དང་ཕྱུགས་གྲངས་ཇེ་མང་དུ་མི་གཏོང་བའི་ཆ་རྐྱེན་འོག རྨ་སྟོད་རྫོང་གིས་བོད་ལུག་གསོ་སྤེལ་ཁྱབ་གདལ་བཏང་སྟེ། འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས་ཕྱུག་འགྱུར་ཚོད་ལྟ་སྤེལ་མོད། འོན་ཀྱང་རི་ཕྱོར་སྡེ་བའི་མཉམ་ལས་ཁང་བཙུགས་པའི་དུས་མགོར། བདེ་བླག་ངང་འཕེལ་རྒྱས་གཏོང་མ་ཐུབ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང200ལྷག་གི་སྡེ་དམངས་ཁྲོད་མ་རྐང་དུ་ཞུགས་མཁན་ཁྱིམ་ཚང15མ་གཏོགས་མེད་ལ། དེའི་གྲས་ཀྱི་ཁྱིམ་ཚང11ནི་ཏང་ཡོན་ཡོད་མཁན་གྱི་ཁྱིམ་ཚང་ཡིན་པས། ཏང་ཡོན་གྱི་སྣེ་ཁྲིད་དང་དཔེ་སྟོན་གྱི་ཚུལ་དུ་ཞུགས་པ་ཙམ་རེད།

སྡེ་དམངས་མང་ཆེ་ཤོས་ཀྱིས་ལྟད་མོར་བལྟས་ནས་བསྡད་པ་དང་། མཉམ་ལས་ཁང་དུ་ཞུགས་ན་བཟང་ཆ་ཅི་ཞིག་ཡོད་པ་ཁོ་ཚོས་ཤེས་ཀྱིན་མེད་པར་མ་ཟད། ལྡོག་སྟེ་མ་རྐང་དུ་ཞུགས་ན་རྩྭ་ས་དང་ནོར་ལུག་སྔར་བཞིན་རང་ལ་དབང་མིན་ཐད་དོགས་པ་སྐྱེ་བཞིན་འདུག

རི་ཕྱོར་སྡེ་བ་ནི་རྨ་སྟོད་རྫོང་གི་བོད་ལུག་གསོ་སྤེལ་གྱི་ཚོད་ལྟ་སྤེལ་བའི་སྡེ་བ་སྔ་ཤོས་ཡིན།“རིགས་རྒྱུད་གསར་པའི་བོད་ལུག་གི་ཤ་སྙི་ལ། བཤོས་དྲི་ཆུང་བ། བྲོ་བ་ཞིམ་པས་ཚོང་ཤིན་ཏུ་བྲིན”བོད་ལུག་སྐོར་ཐེངས་ཐོག་མ་ཕྱིར་འཚོང་དུས་ཀྱི་རྣམ་པ་ཕྱིར་དྲན་བྱེད་སྐབས། རིག་སྟོབས་དགོད་ཞོར་དུ“བོད་ལུག་གསོ་སྤེལ་བྱས་པའི་ལོ་དང་པོར། མཉམ་ལས་ཁང་གིས་སྒོར་འབུམ་བཞི་ཁྲི་བདུན་གྱི་ཁེ་སྤོགས་བགོས་པ་ཡིན”ཟེར།

ཁེ་བཟང་རེག་པའི་རི་ཕྱོར་སྡེ་བས་གསོ་སྤེལ་གྱི་གཞི་རྒྱ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ།མཉམ་ལས་ཁང་གིས་ལོ་རེར་བགོས་པའི་ཁེ་སྤོགས་ཇེ་མང་དང་། འབྲོག་དམངས་ཀྱི“སྒོར་ཁུག” ཇེ་མཐུག་ནས་ཇེ་མཐུག་ཏུ་སོང་།

“ནོར་ལུག་གསོ་སྟངས་བསྒྱུར་ནས།འབྲོག་དམངས་ཀྱི་འཚོ་ཐབས་བསྒྱུར”སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་རྩྭ་ས་དང་། སྒོ་ཟོག་མ་རྐང་དུ་འཇོག་པའི་ཐབས་སྤྱད་དེ། རྩྭ་ས་དང་སྒོ་ཟོག་ཧྲག་སྡེབ་བྱས་པ་དང་། མཉམ་ལས་ཁང་གིས་གཅིག་གྱུར་བདག་གཉེར་བྱས་ཏེ། ས་མཚམས་བཅད་ནས་ཕྱུགས་ཟོག་འཚོ་རེས་དང་། ཁག་བགོས་ཏེ་གསོ་སྤེལ་བྱས་སྟབས། རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་བཏང་།

ད་ལྟ། རྨ་སྟོད་རྫོང་གིས་སྡེ་བ30ཡི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་བོད་ལུག་གསོ་སྤེལ་རྟེན་གཞི་བཙུགས་ཏེ། སྐྱེ་ཁམས་ཕྱུགས་ལས་འཁོར་རྒྱུག་གི་ཐོན་ལས་སྦྲེལ་ཐག་ཅིག་འགྲུབ་སྒང་ཡིན་ལ། གནོད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་དེ་སོང་གིན་སོང་གིན་ཁོད་ཇེ་ཡངས་ནས་ཇེ་ཡངས་རེད།

མཛོ་རྒན་རྭ་བར་གྲོང་རྡལ་གྱི་མཚོ་ཕྲུག་སྡེ་བའི་སྡེ་དམངས་བསོད་ནམས་བཀྲ་ཤིས2019ལོར་སྡེ་བའི་མཉམ་ལས་ཁང་དུ་ཞུགས་ཏེ། ལོ་དེར་ཁེ་སྤོགས་སྒོར་ཁྲི2ཡི་ཐོབ་ཆ་བླངས། “སྒོ་ཟོག་ཇེ་མང་དང་ཡོང་སྒོ་ཇེ་མཐོར་སོང་ལ། རྩྭ་ས་ཡང་སྔོ་ལྗང་དུ་གྱུར་ཏེ་འབྲོག་དམངས་ཀྱི་བདེ་སྐྱིད་འཚོ་བ་མངོན་འགྱུར་བྱུང”སྐྱེ་ཁམས་ལ་གཏོར་བརླག་བཟོ་ཞིང་ཞིབ་ཕྲ་མེད་པའི་ཕྱུགས་ལས་དེ་དོར་བས། བོད་ལུག་གསོ་སྤེལ་ནི་རིམ་གྱིས་ས་དེས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་གསར་པར་འགྱུར་བཞིན་ཡོད།

བཀྲ་ཤིས་དོན་འགྲུབ་ཀྱང་དེ་བཞིན“རྨ་སྟོད་བོད་ལུག”གི་ཁེ་བཟང་རེག་མཁན་རེད། ཁོས་ངོ་སྤྲོད་བྱས་དོན། མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་། ནོར་ལུག་གསོ་སྤེལ་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡང་ཡིན་པ་དང་། ཞིང་ཕྱུགས་ཐོན་ལས་ལས་སྣོན་བྱེད་ཐུབ་ལ་བཙོང་ཡང་ཐུབ་སྟབས། རང་གིས་སེམས་ཁྲལ་བྱེད་མི་དགོས་པ་དང་། མཉམ་ལས་ཁང་དུ་ལས་ཀ་ལས་ན་ཟླ་ཕོགས་ཡོད་པར་མ་ཟད། ལོ་མཇུག་ལ་ད་དུང་ཁེ་སྤོགས་ཀྱང་བགོ་ཐུབ་པས། སྔོད་ཆད་ལས་ཡོང་སྒོ་ཇེ་མང་དུ་སོང་བ་དང་། “བརྟན་འཇགས་ངང་ཁེ་བཟང་ཟ་བ་ལས་གྱོང་གུན་མི་ཐེབས་པ”ཡི་མཉམ་ལས་འདི་འདྲས། འཚོ་བར་རེ་བ་དང་གདེང་ཚོད་བསྩལ་ལ། རོ་བཅུད་ལྡན་པའང་ཚོར་དུ་བཅུག་བྱུང་ཞེས་བཤད།

དེ་དང་ཆབས་ཅིག སྦྲེལ་དྲ་དང་གློག་རྡུལ་ཚོང་དོན་གྱི་ཐོན་ལས་བརྒྱུད་དེ། བོད་ལུག་གི་ཤ་རིགས་ལས་སྣོན་ཐོན་རྫས་ནི་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དང་། དེར་མ་ཟད་པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲོའུ་བཅས་ཀྱི་གྲོང་ཁྱེར་ཆེན་མོ་རུ་ཡང་ཕྱིར་འཚོང་བྱེད་བཞིན་ཡོད།

ད་ལྟ། རྨ་ཆུའི་མགོ་ཁུངས་སུ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་ཁོད་ཇེ་ཡངས་སུ་སོང་སྟེ། སྐྱེ་ཁམས་དང་འཚོ་བ། ཐོན་སྐྱེད་བཅས་མཉམ་རྒྱལ་མངོན་འགྱུར་བྱས་ལ། མགོ་ལོག་ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་ཕྱུག་བསྒྱུར་གྱི་ཐབས་ལམ་རྙེད་དུ་བཅུག

མི་ནི་སྔར་གྱི་མི་དང་རྩྭ་ཐང་ནི་སྔར་གྱི་རྩྭ་ཐང་སྟེ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཙམ་ཡིན་ལ། སྐྱེ་ཁམས་ཕྱུགས་ལས་ཁྱབ་སྤེལ་བཏང་བ་བརྒྱུད།མིའི་བསམ་བློའི་འདུ་ཤེས་བབ་བསྟུན་བསྒྱུར་བཅོས་དང་། སྒོ་ཟོག་གི་རིགས་རྒྱུད་ལེགས་བསྒྱུར། རྩྭ་ས་ལུགས་མཐུན་ངང་བེད་སྤྱོད་བཅས་བྱེད་ཐུབ་པ་བྱུང་།

མཐར་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཐོབ་པ་དང་། ཕྱུགས་ལས་ཀྱི་ཕན་ནུས་ཚད་མཐོ་བའི་སྒོ་ནས་མཐོར་འདེགས་བྱུང་ལ། འབྲོག་དམངས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་།

གལ་ཏེ་སྤུས་ལེགས་ཕྱུགས་རྒྱུད་བོད་ལུག་བདམས་ནས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་སྟེ། ཁྱད་ལྡན་ཐོན་ལས་གྲུབ་ཏུ་བཅུག་པ་ནི་རྨ་སྟོད་རྫོང་གིས་ལེགས་འགྲུབ་བྱུང་བའི་ཐོད་བརྒལ་གྱི་གོམ་པ་དང་པོ་ཡིན་ཟེར་ན། འོ་ན་བོད་ལུག་གསོ་སྤེལ་ཞིབ་མོ་བྱས་ཏེ་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་དང་། དྲ་བར་བརྟེན་ནས་ཚོང་ར་རྒྱ་བསྐྱེད་པ། ཚོང་རྟགས་ཀྱི་སྙན་གྲགས་རྒྱས་སུ་འཇུག་པ་བཅས་བྱས་ཏེ། བོད་ལུག་འཕེལ་རྒྱས་དེ“མྱུར་བགྲོད་གཞུང་ལམ”སྟེང་སྐྱོད་དུ་འཇུག་པའི་ཐད་ནས་རྨ་སྟོད་རྫོང་གིས་གྲ་སྒྲིག་ཚགས་སུ་ཆུད་དེ་མདུན་ཕྱོགས་སུ་རྒྱུག་བཞིན་ཡོད་ཅེས་བཤད་ཆོག །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།