རིམས་ནད་བཀག་སྡོམ་ཁུལ་སྲུང་མཁན་གྱི་ཉིན་མཚན་གཅིག
2021.11.11 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 40

 ཟླ11ཚེས2ཉིན་གྱི་ཞོགས་པའི་ཆུ་ཚོད6ལ་སླེབས་མོད་ཟི་ལིང་དུ་ད་དུང་ནམ་ལངས་མེད་པ་དང་།  ནམ་གོང་གི་དུས་ཚོད་གསུམ་གྱི་སྟེང་རས་གུར་ཕུབ་པ་དང་དངོས་ཟོག་དབོར་འདྲེན་གྱི་ལས་ལ་བྲེལ་བའི་ལོ34ལ་སླེབས་པའི་ཏོན་པེན་ཆན་དང་ལས་གྲོགས་ཚོས་དུས་ཚོད་གཉིས་ཙམ་ཉལ་རྗེས་ཡར་ལངས་ཏེ། མགྱོགས་མྱུར་ངང་ཟ་མ་ཅུང་ཙམ་ཟོས་རྗེས་འགོག་སྲུང་གྱོན་ཆས་གྱོན་ཏེ་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོར་སོང་ནས་མུ་མཐུད་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་ལ་བྲེལ།

ཉེ་ལམ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་3གསར་དུ་ཐོན་ཞིང་། གཏན་འཁེལ་ནད་དཔེ་གནས་སའི་མཁར་ནུབ་ཆུས་ཞིན་ཧེ་ལམ་ཁྲོམ་གཞུང་གི་སྡོད་ཁུལ་མི་ཉུང་བ་ཞིག་བཀག་སྡོམ་བྱས་ནས། མི་རྣམས་རང་ཁྱིམ་ནས་སྒོ་ཕྱིར་འགྲོ་མི་ཆོག་པར་བྱས་ཡོད།   མཁར་ནུབ་ཆུས་སྤྱི་བདེ་ཡན་ལག་ཅུས་བདེ་འཇགས་དོ་དམ་རུ་ཆེན་གྱི་རུ་དཔོན་གཞོན་པ་ཏོན་པེན་ཆན་དང་ལས་རོགས་ཚོ་ཞིན་ཧེ་ལམ་ཁྲོམ་གཞུང་གི་སྡོད་དམངས2600ཡོད་པའི་བཀག་སྡོམ་ཁུལ་དུ་ལས་སྒྲུབ་བྱེད་པར་བསྐྱོད་དེ་བཀག་སྡོམ་ཁུལ་སྲུང་མཁན་དུ་གྱུར་ཡོད།

བཀག་སྡོམ་ཁུལ་དུ་ལས་རེས་བྱེད་སྐབས་ཛ་དྲག་ཆེ་ཤོས་ནི་དུས་ཚོད་རེད། ཉིང་སྐྱུར་ བཤེར་འཇལ་ཐེངས་མང་བྱེད་དགོས་པས། ཏོན་པེན་ཆན་གྱི་ཉིན་གཅིག་གི་ལས་ཀའི་གསལ་ཐོའི་ནང་ཁྱིམ་ཚང་ལ་བརྡ་རྒྱག་པ་དང་། དཔུང་ཁག་སྒྲིག་འཛུགས་བྱེད་པ། སྒྲིག་ལམ་བཟོ་བ། ཁྱིམ་དུ་སྐྱོད་ནས་ཐོ་འགོད་བྱེད་པ་སོགས་ལས་དོན་ཁག་གི་གོ་རིམ་དང་དོ་སྣང་བྱེད་དགོས་རིགས་འབྲི་དེབ་སྟེང་ཞིབ་མོས་བྲིས་ཡོད་པ་རེད།

ཞོགས་པའི་དུས་ཚོད་བདུན་གྱི་སྟེང་། ཏོན་པེན་ཆན་གྱིས་བཀག་སྡོམ་ཁུལ་གྱི་ཐོག་ཁང་དུ་སྐོར་ཞིབ་བྱེད་བཞིན་ལག་ཏུ་སྒྲ་དུང་བཟུང་ནས“སྡོད་དམངས་ཚང་མས་ཡིད་གཟབ་གནང་རོགས། ཚང་མས་རིམས་ནད་འགོག་སྲུང་གི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ། དུས་ཚོད་8དང་ཕྱེད་ཀ་ནས་ཁག་བགོས་ཀྱིས་ཉིང་སྐྱུར་བཤེར་འཇལ་དང་ལེན་བྱེད་དགོས”ཞེས་བཤད།

སྡོད་དམངས་རྣམས་གཅིག་རྗེས་གཉིས་མཐུད་ངང་ཐོག་ཁང་ནས་མར་བབས་པ་དང་། ཏོན་པེན་ཆན་ཉིང་སྐྱུར་བཤེར་འཇལ་ས་ཚིགས་ཀྱི་འཛུལ་སྒོར་ལངས་ཏེ“སྔོན་ལ་བཤེར་རྟགས་བཤེར་ནས་ཐོབ་ཐང་ཆ་འཕྲིན་ཐོ་འགོད་བྱེད་དགོས། ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་སྐབས་བར་ཐག་ལ་སྨི་གཅིག་འཇོག་དགོས”ཞེས་མི་རེ་རེར་དེ་ལྟར་དྲན་སྐུལ་བྱས་པ་དང་། རྒན་པ་ཁག་གཅིག་གིས་ལག་འཁྱེར་ཁ་པར་སྤྱོད་མི་ཤེས་པའི་གནས་ཚུལ་འཕྲད་སྐབས་འགོག་སྲུང་གྱོན་གོས་ཐོག“ཉེན་རྟོག་པ”ཞེས་བྲིས་ཡོད་པའི་ཏོན་པེན་ཆན་གྱིས་རང་འགུལ་ངང་ཆ་འཕྲིན་འབྲི་རོགས་བྱེད་ཀྱི་ཡོད།

མིག་སྔའི་གནས་ཚུལ་དེ་རིགས་ཏོན་པེན་ཆན་ལ་མཚོན་ན་རྒྱུས་མངའ་མེད་པ་ཞིག་མིན་པར།  ན་ནིང་ལོའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་སྐབས་ཁོས་ཀྱང་འགོག་སྲུང་གི་ལས་ཡུལ་དང་པོར་བསྐྱོད་དེ་ཉིན20ལྷག་ལ་ལས་རེས་ལས་སྲུང་བྱས་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།

ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱས་ཚར་རྗེས་ཏོན་པེན་ཆན་གྱིས་ཟས་ཁམ་གང་ཡང་ཟ་ཁོམ་མ་བྱུང་བར་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་གཞན་པ་ཚོ་དང་མཉམ་དུ་ཁྱིམ་ཚང་རེ་རེ་བཞིན་དུ་ཐོ་འགོད་བྱེད་པར་བསྐྱོད།

བཀག་སྡོམ་ཁུལ་མང་ཆེ་བ་ནི་སྡེ་ཁུལ་རྙིང་པ་ཆུང་གྲས་ཡིན་ཞིང་། དུས་ཚོད4ཡི་རིང་ཁྱིམ་ཚང150ཙམ་ལ་བསྐྱོད་པ་དང་།  འགོག་སྲུང་གྱོན་ཆས་མཐུག་པོ་གྱོན་ནས་ཐོག་ཁང་གི་ཁྱིམ་ཚང་རེ་རེར་འགྲོ་དགོས་སྟབས་མཐོ་སྒང་དུ་འཚོ་བ་ཡུན་རིང་སྐྱེལ་མྱོང་བའི་ཏོན་པེན་ཆན་ཡང་དབུགས་འཚང་ནས་འགྲོ་མི་ཐུབ་པ་རེད།

ཁྱིམ་ཚང་དུ་བསྐྱོད་སྐབས་ཏོན་པེན་ཆན་གྱི་ལག་འཁྱེར་ཁ་པར་བར་མཚམས་མེད་པར་གྲགས། “སྲིད་གཞུང་ནས་སྔོ་ཚོད་ཁག་གཅིག་བསྐྱལ་བྱུང་བས་ས་གནས་ས་ཐོག་ཏུ་སྒྲིག་ལམ་བཟོ་བར་ཤོག”འབྲེལ་གཏུག་དང་མཐུན་སྦྱོར་བྱེད་སྐབས་ཏོན་པེན་ཆན་གྱིས་ཉིན་གཅིག་ལ་ཁ་པར383ལེན་གཏོང་བྱས་ཡོད།

“སྲོག་སྐྱོབ་རོགས། རོགས་བྱེད་རོགས། སྦྲུམ་མ་ཞིག་བྱིས་པ་བཙའ་རན་འདུག” ཅེས་པའི་སྐད་སྒྲ་ཐོས་རྗེས་ལས་འགན་སྒྲུབ་བཞིན་པའི་ཏོན་པེན་ཆན་གྱིས་བཀག་སྡོམ་ཁུལ་དུ་སྦྲུམ་མ་ཞིག་གིས་བྱིས་པ་བཙའ་རན་ལ་ཐོན་ཡོད་པ་ཤེས།

ཁོས་འཕྲལ་དུ་བཀོད་འདོམས་པུའི་ཕྱོགས་སུ་རྒྱུགས་ཞོར་དང་ཕྱོགས་གཅིག་ནས་གོང་རིམ་ལ་སྙན་སེང་ཞུས་པ་དང་།  ཕྱོགས་གཞན་ཞིག་ནས120མྱུར་སྐྱོབ་ལྟེ་གནས་ལ་འབྲེལ་གཏུག་བྱས་ཏེ། “ གེགས་མེད་བགྲོད་ལམ”མགྱོགས་མྱུར་བཏོད་ནས་མྱུར་སྐྱོབ་རླངས་འཁོར་ཐོག་ཁང་འོག་ཏུ་ཁྲིད་དེ་སྦྲུམ་མ་སྨན་ཁང་དུ་སྐྱེལ་རྒྱུར་བཀོད་འདོམས་བྱས། “ བྱིས་པ་བདེ་བླག་ངང་བཙས་པ་ཐོས་རྗེས་གཞི་ནས་བློ་བདེ་ལ་བབས་བྱུང་”ཞེས་ཏོན་པེན་ཆན་གྱིས་དེ་ལྟར་བཤད། ཁོའི་བཟའ་ཟླ་ཡང་སྨན་བཅོས་མི་སྣ་ཞིག་ཡིན་ཞིང་། རིམས་འགོག་གི་ ལས་ཡུལ་དང་པོར་ཡོད་པས་བྱིས་པ་གཉིས་ཀྱང་ཁོའི་ཨ་མས་ལྟ་རྟོག་བྱེད་དགོས་པ་རེད།

མཚན་མོར་ཁྱིམ་ཚང་དུ་བསྐྱོད་ནས་ཆ་འཕྲིན་ཐོ་འགོད་དང་སྙན་སེང་གི་ལས་དོན་ཡོངས་འགྲུབ་བྱས་རྗེས་ཏོན་པེན་ཆན་དང་ལས་རོགས་ཚོ་ད་དུང་ཁག་བགོས་ནས་བཀག་སྡོམ་ཁུལ་དུ་སྐོར་ཞིབ་ལ་འགྲོ་དགོས་བ་རེད།

སྐོར་ཞིབ་མཇུག་འགྲིལ་དུས་དགུང་མོའི་དུས་ཚོད12ཡོལ་ཟིན། ཏོན་པེན་ཆན་གྱིས་འགོག་སྲུང་གྱོན་ཆས་ཕུད་དུས་ནང་གོས་རྔུལ་ཆུས་སྦངས་ཡོད། “ ལས་ཡུལ་དང་པོར་ངལ་གསོ་བྱེད་པའི་དུས་ཚོད་ལ་གཏན་འཁེལ་མེད་མོད། གཉིད་ཉལ་བའི་དུས་ཚོད་ཀྱང་ཐུང་ཐུང་ལས་མེད།  ཐོག་མའི་ཉིན་གཉིས་ལ་ང་བསྟུད་མར་དུས་ཚོད36ལ་གཉིད་ཐུབ་མེད”ཅེས་ཏོན་པེན་ཆན་གྱིས་དེ་ལྟར་བཤད་ཞོར་དུ་དུས་ཚོད་དམ་འཛིན་གྱིས་ངལ་གསོ་བྱེད་བཞིན་འདུག

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།