ལོ་བརྒྱའི་ཏང་གི་ལོ་རྒྱུས་ལས་འབད་འཐབ་ལྷོད་མེད་ཀྱི་སྟོབས་ཤུགས་ཉམས་ལེན་བྱེད།
2021.11.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྐོར་གླེང་པ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ11ཚེས8ནས་ཚེས11ཉིན་བར་པེ་ཅིན་དུ་ཚོགས།

གྲོས་ཚོགས་སྐབས་སུ།ཚོགས་ཞུགས་བློ་མཐུན་ཁག་ཅིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་བྱུང་ཚུལ་དང་མྱོང་ཚོར་སྐོར་ལྷུག་པོར་བརྗོད།

ཚང་མས་མགྲིན་གཅིག་ཏུ་བསྟན་དོན།ཁྱོན་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཏང་ཡོངས་ཀྱིས་བློ་གྲོས་ཡར་བསྐྱེད་དང་མཐུན་སྒྲིལ་ཡར་སྐུལ།ཡིད་ཆེས་ཇེ་བརྟན།འཐབ་སེམས་ཇེ་ཆེ། འགྱུར་མེད་གཏན་སྲུང་།སྔར་བས་རང་རྟོགས་བཅས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་བྱས་ནས་དུས་རབས་གསར་བའི་རྒྱང་སྐྱོད་གསར་བའི་སྟེང་རྣམ་པ་གསར་བ་དང་ལས་འགན་གསར་བ་མངོན་པར་བྱ་དགོས།

གྲོས་ཚོགས་ནི་སྔ་འཛིན་ཕྱི་གཏོད་ཀྱི་གྲོས་ཚོགས་གལ་ཆེན་ཞིག་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས།ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་མཚོན་ན་གོ་གནས་གལ་ཆེ་ཞིང་ཤུགས་རྐྱེན་ཕུགས་རིང་བ་ཞིག་ཡིན་ཕྱིར་ཚོགས་ཞུགས་མཁན་བློ་མཐུན་རྣམས་ལ་ཚད་མཐོ་ཞིང་གཅིག་གྱུར་གྱི་ཤེས་རྟོགས་བྱུང་ཡོད།

ཀྲུང་དབྱང་ཨུ་ཡོན་ནམ་ལེའོ་ཉིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་གོ་ཆིན་གྱིས་བསྟན་དོན། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་གལ་ཆེན་གྱི་དུས་སྐབས་ནི་ཏང་དང་མི་དམངས་ཀྱིས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱུང་སྟེ།བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་པའི་ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དང་།ང་ཚོའིལོ་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་ཤིང་།ཏང་གིས་བརྒྱུད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཐོབ་ཟིན་པའི་འོད་སྟོང་འབར་བའི་གྲུབ་འབྲས།ཉམས་མྱོང་རྩ་ཆེན་དག་ལ་སྤྱི་སྡོམ་ཡག་པོ་བྱས་ཏེ།ཏང་ཡོངས་ཀྱིས་གོམ་གང་མདུན་སྤོས་སྒོས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་མཐུན།འགུལ་སྤྱོད་གཅིག་མཚུངས་བཅས་ལ་སྐུལ་འདེད་བཏང་སྟེ།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་རླབས་ཆེན་གྱི་རྒྱལ་ཁ་གསར་པ་ལེན་པར་བརྩོན་ལེན་བྱེད་དགོས་ལ།དེར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཕུགས་ཐག་རིང་པོའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ངེས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་རེད།

ཀྲུང་དབྱང་ཨུ་ཡོན་ནམ་ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་ཡིས་བསྟན་དོན།ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་དེ་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་ཡང་བསྐྱར་ལམ་ཚད་རྡོ་རིང་ལྟ་བུའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་བཟོས་པ་ཡིན་ལ། གྲོས་ཆོད་ནང་ཁྱོན་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ནས་སྤྱི་སྡོམ་བྱས་ཏེ།ང་ཚོའི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་སྔོན་ཆད་ང་ཚོར་ལེགས་གྲུབ་བྱུང་དོན་ཅི་ཡིན་པ་དང་།མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་ལེགས་གྲུབ་འབྱུང་ཐུབ་པ་གསལ་པོ་ཤེས་པར་བྱེད་དགོས། གྲོས་ཆོད་བྱུང་བ་ནི་ངེས་པར་དུ་ང་ཚོའི་ཏང་གིས་མགོ་ཁྲིད་བྱས་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་དེ་རེད།

ཀྲུང་དབྱང་ཨུ་ཡོན་ནམ་ཧུའུ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆིན་བེ་ཡིས་བལྟས་ན།ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོ་ལོ་རྒྱུས་ལྟ་བ་དང་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་ཡོངས་སུ་ཁྱབ་པར་བྱས་ཡོད་ལ།ཏང་གི་ལངས་ཕྱོགས་དང་མི་དམངས་ཀྱི་ལངས་ཕྱོགས།དུས་རབས་ཀྱི་མཐོ་ཚད་བཅས་སུ་འགྲེངས་ཏེ།ལོ་རྒྱུས་ཀྱི་གཅིག་གྱུར་དམ་ཚགས་སྤྱི་སྡོམ་བྱས་ནས་མངོན་འགྱུར་བྱུང་བ་དང་།ངེས་པར་དུ་སྔར་མེད་ཀྱི་སྒོ་ནས་ཏང་ཡོངས་བསམ་བློའི་སྟེང་གཅིག་གྱུར་དང་།ཆབ་སྲིད་སྟེང་མཐུན་སྒྲིལ།འགུལ་སྤྱོད་ཐད་གཅིག་མཐུན་ཡོང་བ་བཅས་ཡར་སྐུལ་བྱེད་དགོས། གྲོས་ཆོད་ལས་ལོ་རྒྱུས་ལ་སྤྱི་སྡོམ་དང་མིག་སྔའི་གནས་ཚུལ་ལ་གདེང་ཚོད།མ་འོངས་པར་རྒྱང་ལྟ་བཅས་བྱས་ཡོད་ལ།དེ་ནི་ང་ཚོའི་ཏང་གིས་དར་ཆ་མཐོར་བསྒྲེངས་དང་རང་རྟོན་ཞུམ་མེད་ཀྱི་ཆབ་སྲིད་བསྒྲགས་གཏམ་ཞིག་དང་།ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པའི་དུས་རབས་ཀྱི་སྐུལ་སློང་བཀའ་རྒྱ་ཞིག་ཀྱང་ཡིན།

གྲོས་ཆོད་ཕྲ་ཞིང་ཞིབ་པར་ཀློག་ཅིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནངས་པའི་གསལ་བཤད་ལ་ནན་ཏན་ངང་ཉན་རྗེས།ཀྲུང་དབྱང་ཨུ་ཡོན་ནམ་སྐམ་དམག་གི་ཆབ་སྲིད་ཨུ་ཡོན་ལིག་ལེ་ཡིས“མངོན་གསལ་དོད་པའི་ཚོར་སྣང་ནི་ལོ་བརྒྱའི་སྤྱི་སྡོམ་དུས་སྐབས་ལ་འཁེལ་བ་དང།དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་སུ་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ཞིག་བྱུང་བ་དེ་ཡིན་ལ།དེ་ཡིས་ཏང་སེམས་དམག་སེམས་བདེ་ལ་བཀོད་ཅིང་རང་རྟོན་རང་སྟོབས་གསལ་བོར་མངོན་པར་བྱས་ཡོད་ལ། མྱོང་ཚོར་ཆེས་ཟབ་པ་ནི་དངོས་ཐོག་བདེན་འཚོལ་དང་ལོ་རྒྱུས་ལ་བརྩི་འཇོག་བྱེད་པ་དང་།རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བྱེད་ཐབས་སྨྲ་བ་རྒྱུན་འཁྱོངས་བྱས་ཤིང་།ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་དང་ལོ་རྒྱུས་ཆེན་པོའི་ལྟ་བ་ཡང་རྒྱུན་འཁྱོངས་བྱས་ཡོད། གོ་བ་གཏིང་ཟབ་ལེན་པ་ནི་སྲོག་ཤིང་གིས་སྣེ་ཁྲིད་པའི་དུས་རབས་དང་ཏང་དར་བས་བསྐྱར་དར་ཡོང་བར་ཐག་ཆོད་པ་དང་།ཀྲུའུ་ཞི་ཞི་ཅིན་ཕིང་གི་འབད་འཐབ་ཀྱི་དུས་རབས་གསར་བའི་རྗེས་སུ་དམ་པོར་སྙེགས་ཤིང་རྒྱང་སྐྱོད་གསར་བའི་ལམ་བུ་སྟེང་དཔའ་ངར་གྱིས་སྐྱོད་ན།ང་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་ཐུབ་ལ།ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱར་ཐོན་པའི་བྱ་གཞག་རླབས་པོ་ཆེ་བསྐྲུན་ཐུབ་སྲིད།”

རླབས་ཆེན་གྲུབ་འབྲས་ཀྱིས་མི་སེམས་སྐུལ་བར་བྱེད་ལ།ཉམས་མྱོང་རྩ་ཆེན་གྱིས་རིན་ཆེན་མཛོད་དུ་འཛིན་ཞིང་།ལོ་རྒྱུས་འགན་འཁྲི་ཡིས་མི་རྣམས་རྟུལ་ཕོད་ལས་སུ་བསྒྱུར།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་ཆེད་མཁས་པ་དང་མཁས་པའི་འཐུས་མིའམ་ཀྲུང་གོ་ཚན་རིག་གླིང་གི་རྒྱུད་འཛིན་དང་སྐྱེ་འཕེལ་སྐྱེ་དངོས་རིག་པའི་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཝང་ཞིག་ཅེ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད་པས། ཁོ་མོས་བཤད་རྒྱུར།“ང་ཚོའི་མི་རབས་འདིའི་ན་གཞོན་དག་ཀྲུང་ཧྭ་མི་རིགས་སྟོབས་ཆེར་འགྲོ་བའི་རླབས་ཆེན་གྱི་དུས་རབས་ནང་འཚར་ལོངས་བྱུང་བ་ནི་ཇི་འདྲའི་བསོད་ནམས་ཆེ་བ་ཞིག་རེད། ང་ཚོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བདེན་དཔང་མཁན་ཡིན་ལ།དེ་ལས་ཀྱང་སྐུལ་འདེད་མཁན་དང་ལག་ལེན་མཁན་ཡིན་པས། ཏང་དང་རྒྱལ་ཁབ།མི་དམངས་བཅས་ཀྱིས‘རྒྱལ་ཁབ་སྟོབས་ཆེར་གཏོང་བའི་མི་རབས་གཅིག་གི’ལོ་རྒྱུས་ཀྱི་འགན་འཁྲི་ང་ཚོས་ཐེག་ཐུབ་པར་རེ་བ་བཅངས་ཡོད་ལ།ང་ཚོས་ཀྱང་ངེས་པར་དུ་འགན་འཁྲི་སྒྲུབ་ཕོད་པའི་ཆོད་སེམས་དང་དུས་ཚོད་ཀྱིས་སྒུག་མི་སྲིད་པའི་དགོས་གཏུགས་ཀྱི་འདུ་ཤེས་འཛིན་དགོས།”

ལོ་བརྒྱའི་ཏང་ཆེན་པོ་ཞིག་རྒྱལ་ཁ་ཐོབ་པའི་གསང་གྲངས་དང་མི་རིགས་བསྐྱར་དར་གྱི་གཞི་རྩའི་ཁག་ཐེག

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་གྲོས་ཆོད་ནང་ཕྱོགས13ཐད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་རྒྱས་བཤད་བྱས་ཡོད།

ཀྲུང་དབྱང་ཨུ་ཡོན་ནམ་ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཀན་ཅེ་ཡིས་ཁྱོན་ཡོངས་ནས་གྲུབ་འབྲས་དེ་དག་སྤྱི་སྡོམ་བྱས་ཚེ།སེམས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་ཕན་ཐོགས་ཡོད་པར་མ་ཟད།དཔའ་ངར་ཆེར་བསྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་དུས་རབས་གསར་པ་བྱས་རྗེས་གསར་པ་འཇོག་པར་ཕན་ཐོགས་ཡོད་པར་འདོད། “ང་ཚོས་ཐོག་མཐའ་བར་གསུམ་དུ‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་‘གདེང་ཚོད་བཞི’ཇེ་བརྟན་དུ་གཏོང་བ།‘སྲུང་སྐྱོང་གཉིས’ལེགས་པོར་སྒྲུབ་ཐུབ་པ་བཅས་བྱས་ཏེ།བློ་བརྟན་འགྱུར་མེད་ངང་གྲོས་ཆོད་ནང་གཏན་འཁེལ་བྱས་པའི་ཁ་ཕྱོགས་སུ་བསྐྱོད་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་ཐུབ་ངེས་ཡིན”ཟེར།

ལོ་རྒྱུས་གང་ནས་མགོ་བརྩམ་ན་བསམ་བློའི་འཕེལ་རིམ་ཡང་གནས་དེ་ནས་མགོ་བརྩམས་པ་རེད།

ཀྲུང་དབྱང་ཨུ་ཡོན་ནམ་ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོའུ་དབྱང་ཧྲིན་གྱིས་བཤད་རྒྱུར། ལོ་བརྒྱའི་རིང་ལ། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ །ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་དབུ་བརྙེས་པའི་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་ཟབ་མོ་དང་བཀོལ་སྤྱོད་གང་ལེགས་བྱས་ཏེ། དངོས་ཡོད་གསར་བར་གཞིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལས་དགོངས་པ་དེའི་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས།བསམ་བློའི་སྟོབས་ཤུགས་བཅས་སྔར་ལས་གསལ་བོར་མཚོན་པར་བྱས་ཡོད། འདི་ནི་ལོ་བརྒྱའི་རིང་གི་ཏང་ཆེན་པོ་ཞིག་ཆབ་སྲིད་སྟེང་བྱང་ཆ་ལྡན་པར་གྱུར་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ །ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་རེད་ཟེར།

ཀྲུང་དབྱང་ཨུ་ཡོན་ནམ་ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ཡོང་གིས་བཤད་རྒྱུར། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་གོ་གནས་སུ་གཏན་འཁེལ་བྱས་པ་དེས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་དང་གྲོས་ཆོད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དངོས་འབེབ་དོན་འཁྱོལ་བྱ་དགོས་ན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས ‘གཏན་འཁེལ་གཉིས’དེ་དོན་ངོ་མའི་སྟེང་‘སྲུང་སྐྱོང་གཉིས’ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་ཐུབ་པ་བྱེད་དགོས་ཟེར།

ཀྲུང་དབྱང་ཨུ་ཡོན་ནམ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་སུང་ཐའོ་ཡིས་བལྟས་ན། འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གདོང་གཏོད་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ང་ཚོའི་སྣེ་ཁྲིད་དེ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འཚབ་འཚུབ་མེད་པར་ཁ་གཏད་བཅག་པ་དང་། འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་འགྲེངས་པ་དང་མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་བས་འཛམ་གླིང་གིས་བསྟོད་བསྔགས་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་པ་རེད། ང་ཚོས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་ལོ་བརྒྱའི་རྒྱང་སྐྱོད་གསར་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པར་འདོད།

གྲོས་ཆོད་ནང་ཕྱོགས་ལྔའི་ཐད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་སྤྱི་སྡོམ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ལ་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་བཅུ་སྤྱི་སྡོམ་གནང་ཡོད།

ཀྲུང་དབྱང་ཨུ་ཡོན་ནམ་མཁའ་དམག་གི་ཆབ་སྲིད་ཨུ་ཡོན་ཡུས་ཀྲུང་ཧྥུའུ་ཡིས་བཤད་རྒྱུར།“ཕྱོགས་ལྔའི”ལོ་རྒྱུས་ཀྱི་དོན་སྙིང་དང“རྒྱུན་འཁྱོངས་བཅུའི”ལོ་རྒྱུས་ཀྱི་ཉམས་མྱོང་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་རྒྱལ་ཁ་ལེན་ཐུབ་པའི་གཏན་ཚིགས་དང་རྒྱལ་ཁའི་གསང་གྲངས་གསལ་བཤད་བྱས་ཡོད།ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། “ཏང་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ཅི་འདྲའི་ཏང་ཞིག་ཡིན་པ་དང་།ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་དེ་ཡིད་ལ་བརྟན་པོར་ངེས་དགོས”པ་དང་། “ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོངས་བ། དཀའ་སྤྱད་འབད་འཐབ” བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱར་ཐོན་པའི་བྱ་གཞག་རླབས་ཆེན་མངོན་འགྱུར་བྱེད་པའི་འདུན་པ་ཆེན་པོ་མངོན་པར་བྱས་ཡོད་ཟེར། ལོ་རྒྱུས་ཀྱིས་མི་དམངས་ཀྱི་འཚོལ་ཞིབ་དང་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་སྐྲུན་པ་དང་།ཀྲུང་གོའི་གུང་ཁྲན་ཏང་གིས་ཀྱང་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་འོད་སྟོང་འབར་བའི་ལོ་རྒྱུས་གསར་བ་གཏོད་ངེས་ཡིན།

རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བར་ཞུགས་ནས་སྔར་ལས་ཀྱང་ཕུལ་དུ་བྱུང་བའི་རྒྱུགས་གཞི་ཞིག་སྤྲོད་དགོས།

ཐོག་མའི་བསམ་འདུན་མ་བརྗེད་ན།ནམ་ཞིག་འདོད་དོན་ཡིད་བཞིན་འགྲུབ།

འདས་ཟིན་པའི་ལོ་བརྒྱའི་ནང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་རྒྱུགས་ལན་བཟང་པོ་ཞིག་སྤྲད་ཡོད།ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བའི་ཐོག་སྐྱོད་བཞིན་ཡོད།

ཀྲུང་དབྱང་ཨུ་ཡོན་ནམ་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་བཤད་རྒྱུར། ཀྲེ་ཅང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ནས་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ། དམངས་ཡོངས་ཀྱིས་མཉམ་སྤྱོད་དང་། ཁྱོན་ཡོངས་ནས་མཉམ་སྤྱོད།མཉམ་འཛུགས་མཉམ་སྤྱོད།རིམ་བཞིན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས་ས་ཁུལ་བར་གྱི་བར་ཁྱད་དང་།གྲོང་ཁྱེར་དང་གྲོང་གསེབ་བར་གྱི་བར་ཁྱད།ཡོང་སྒོའི་བར་ཁྱད་ཇེ་ཆུང་དུ་གཏོང་བར་ཤུགས་སྣོན་རྒྱུ་དང་། ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། ཐེངས་གསུམ་པའི་བགོ་བཤའ་མཐུན་སྦྱོར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཛུགས་པར་ཧུར་ཐག་གིས་བཀོད་སྒྲིག་བྱས་ཏེ། ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་བཅོས་བསྒྱུར་གྱི་ལས་གཞི་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་རྒྱུ་དང་། སྔ་མོ་ནས་གྲུབ་འབྲས་ཐོབ་པ་དང་། གྲུབ་འབྲས་མང་པོ་ཐོན་པ། གྲུབ་འབྲས་ཆེན་པོ་ཐོབ་པ་བཅས་ལ་ཁག་ཐེག་བྱས་ནས་རྣམ་འགྱུར་གསལ་པོ་དང་། དངོས་ཡོད་འགུལ་སྐྱོད། ལས་ཀའི་ཕན་འབྲས་ཀྱི་ཐོག་ནས་ཐེངས་འདིའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་སྒྲགོ་ཡག་པོ། དོན་འཁྱོལ་ཡག་པོ། དངོས་འབེབ་ཡག་པོ་བཅས་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ན་སྔོན་ལ་དམག་དཔུང་སྟོབས་ཆེན་ཞིག་ཡོད་དགོས་པ་དང་།དམག་དཔུང་སྟོབས་ཆེན་ཞིག་ཡོད་ཚེ་ད་གཟོད་རྒྱལ་ཁབ་བདེ་ལ་འགོད་ཐུབ་པ་ཡིན།

ཀྲུང་དབྱང་ཨུ་ཡོན་ནམ་ཤར་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཧི་ཕིང་གིས་བཤད་རྒྱུར། གྲོས་ཆོད་ནང་རང་དམག་གིས་དུས་རབས་གསར་བའི་ལས་འགན་དང་འགན་འཁྲི་ལག་བསྟར་བྱེད་སྐབས་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད། ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུར་གཡོ་འགུལ་མེད་པ་རྒྱུན་འཁྱོངས་དང་། དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་ཟབ་མོ་བྱས་ཏེ།དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་དང་། ཏང་གིས་གཏན་འཁེལ་བྱས་པའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་རིམ་གསུམ”གྱི་འཐབ་ཇུས་བཀོད་སྒྲིག་གསར་བར་གཞིགས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དེང་རབས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་སྒོས་ཆེ་རུ་གཏོང་དགོས།“ང་ཚོ་ཤར་རྒྱུད་འཐབ་ཁུལ་ལ་ཏང་ཀྲུང་དབྱང་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་དམག་གྲབས་དམག་འཐབ་ཡི་ལས་འགན་ཚད་གཞི་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱེད་པའི་ཆོད་སེམས་དང་། ཡིད་ཆེས། ནུས་པ་ཡོད”ཟེར།

མི་རབས་གཅིག་ལ་མི་རབས་གཅིག་གི་འགན་འཁྲི་དང་། མི་རབས་གཅིག་ལ་མི་རབས་གཅིག་གི་ལས་འགན་ཡོད།

ཀྲུང་དབྱང་ཨུ་ཡོན་ནམ་ཚན་རྩལ་པུའུ་ཡི་པུའུ་ཀྲང་ཝང་ཀྲི་ཀང་གིས་བཤད་རྒྱུར། ཀྲུང་གོའི་བྱ་བ་ཡག་པོར་སྒྲུབ་པའི་གནད་འགག་ཏང་ལ་ཐུག་པ་དང་བསྐྱར་དར་གྱི་གནད་འགག་ཡང་ཏང་ལ་ཐུག་ཡོད།ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རྒྱབ་ལྗོངས་འོག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཁྲོད།ང་ཚོའི་ཏང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། དེང་སྐབས། རྒྱལ་སྤྱིའི་གནས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བས། ཚན་རྩལ་ནི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་འགག་རྩ་ཞིག་ཏུ་གྱུར་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་མ་འོངས་པར་འཆར་འགོད་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ན་ད་གཟོད་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ཟེར།

རྒྱང་སྐྱོད་ཀྱི་ལམ་ཐག་རིང་ཡང་། འབད་བརྩོན་གྱིས་འགྲུབ་ཐུབ་པ་ཡིན།

ཀྲུང་དབྱང་ཨུ་ཡོན་ནམ་ཧའེ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཞའོ་མིང་གིས་བཤད་རྒྱུར། ཧའེ་ནན་རང་དབང་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་དེ་བརྒྱ་ལོ་གཉིས་པའིའབད་འཐབ་དམིགས་འབེན་གྱི་དུས་ཚོད་དང་ཚད་མཐོའི་གཅིག་མཐུན་བྱུང་བས། ཧའེ་ནན་གྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་།རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ།ཆུང་ཡ་གསར་བརྗེའི“ལོ་ངོ་ཉེར་གསུམ་རིང་དར་དམར་མ་འགྱེལ་བའི” སྙིང་སྟོབས་རྒྱུན་འཛིན་བྱས་ཏེ།ཧའེ་ནན་གྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་སྒོས་སྤེལ་བ་དང་རང་དབང་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ངོ་མཚར་ཆེ་བའི་ལེའུ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་ཟེར།

གཞི་རིམ་ནས་ཡོང་བའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་གྲོས་ཚོགས་གལ་ཆེན་བདེན་དཔང་བྱས་ཞེས་ཧི་པེ་ཞིང་ཆེན་ཀྲིན་ཏིང་རྫོང་ཐ་ཡོན་ཀྲོང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡུས་ཅི་ཕིང་གིས་བཤད་རྒྱུར། “ཕྱིར་ལོག་རྗེས། ང་ཚོས་མྱུར་དུ་སྡེ་བ་ཡོངས་ཀྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་རྣམས་རྩ་འཛུགས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་ཡིན་པ་དང་། ཐོག་མའི་བསམ་འདུན་བློ་ལ་ངེས་པ་དང་འགན་འཁྲི་ཕྲག་སྟེང་དུ་བླངས་ནས་ཕུ་ཐུང་བརྫེས་ནས་ལས་ཀར་ཧུར་བརྩོན་དང་། གཅིག་རྗེས་གཅིག་མཐུད་སྒོས་ཞིང་སྡེ་དར་སྤེལ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་ཕན་འབྲས་ཐོན་པར་བྱས་ཏེ། སྣེ་ཁྲིད་མཁན་བཟང་པོ་བྱས་ནས་ཏང་དང་མི་དམངས་ལ་ཕུལ་དུ་བྱུང་བའི་རྒྱུགས་གཞི་ཞིག་སྤྲོད་རྒྱུ་ཡིན”ཟེར།

                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།  ཚེ་རིང་སྒྲོལ་མ།