—ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་ཞིང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་སློབ་དེབ་ཞིག་ཡིན་ལ། ང་ཚོའི་ཏང་གིས་སྔ་མོ་ནས་བཟུང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གིས་གོམ་པ་རེ་རེ་བཞིན་བརྒྱུད་ཡོང་སྐབས་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་བསྡོམས་དང་འཇོན་ཐང་ཆེ་རུ་བཏང་སྟེ། རྒྱུན་ཆད་མེད་པར་ཉེན་ཁར་ཁ་གཏད་འཇལ་བ་དང་འགྲན་སློང་བསུ་བ། ཉེན་ཁ་སེལ་རྒྱུ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བཞིན་ཡོད།
ལོ་ངོ་བརྒྱ་ཡི་རིང་ལ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་རླབས་ཆེན་བྱས་པ་དང་། ཡར་རྒྱས་བརྩོན་ལེན་བྱེད་པའི་ཁྲོད་དཀའ་གནད་ལས་སྒྲོལ་ཞིང་། བར་ཆད་ཀྱི་ཁྲོད་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་ཕྱོགས་བསྡོམས་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་བཞིན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྩ་བའི་རང་བཞིན་དང་རྒྱང་རིང་གི་མཛུབ་སྟོན་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུ་ཐམ་པ་གཅིག་བསྡུས་བྱས་ཡོད་པ་གཤམ་གསལ་ལྟར། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས། རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས། རང་ཁྱིམ་རང་བདག་བྱ་རྒྱུ་རྒྱུན་འཁྱོངས། ཀྲུང་གོའི་བགྲོད་ལམ་རྒྱུན་འཁྱོངས། བློ་རྒྱ་ཆེན་པོ་བྱ་རྒྱུ་རྒྱུན་འཁྱོངས། གསར་གཏོད་གསར་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཕོད་པ་བྱ་རྒྱུ་རྒྱུན་འཁྱོངས། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བཅས་བྱ་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུ་པོ་འདི་ནི་རྒྱུད་ཁོངས་ཆ་ཚང་དང་། ཕན་ཚུན་འབྲེལ་མཐུད་བྱེད་པའི་གཞི་མཐུན་གྱི་ཚོགས་སྤྱི་ཞིག་ཡིན། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་མི་ཆད་པར་ལེགས་འགྲུབ་ཡོང་བའི་རྩ་བའི་འགན་ལེན་དང་། ཏང་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་། ཏང་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་རྣམ་པ་དམ་འཛིན་བྱེད་པའི་རྩ་བའི་རྒྱུ་རྐྱེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་རྩ་བའི་ཐབས་ལམ་བཅས་གསལ་སྟོན་གཏིང་ཟབ་བྱས་ཡོད་པས། ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན།
ཏང་གི་ཉམས་མྱོང་ནི་རང་རེའི་ཏང་གིས་དཀའ་བ་ཚད་མེད་སྤྱད་པ་དང་ཆར་རླུང་དྲག་པོ་བརྒྱུད་མྱོང་བའི་དུས་ཡུན་རིང་པོའི་འཚོལ་ཞིབ་ཁྲོད་བསགས་པ་ཞིག་ཡིན་པ་དང་། རྒྱལ་ཕམ་དང་ཐོབ་ཤོར་མང་པོ་འདུས་པ་དང་། ཁྲག་དྲོན་དང་རྔུལ་ཆུ་ཡང་འདུས་ཡོད་ལ། བློ་གྲོས་དང་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་ཁེངས་ཡོད། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཤིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་རྗེས་ཀྱི་ལོ་རྒྱུས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་། ད་ལྟའི་རླབས་ཆེན་གྱི་གྲུབ་འབྲས་བླངས་ཡོད་ལ། དེའི་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་། ཏང་གི་རྩ་བ་དང་ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་ཁྲོད་དུ་ཡོད་པས། མི་དམངས་ནི་ཏང་གིས་སྲིད་འཛིན་རྒྱལ་དར་བྱེད་པའི་གཏིང་ཤུགས་ཆེ་ཤོས་དེ་རེད། མར་ཁེ་སིའི་རིང་ལུགས་ནི་ང་ཚོས་ཏང་འཛུགས་པ་དང་རྒྱལ་ཁབ་འཛུགས་པ། ཏང་དར་རྒྱས་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྩ་བའི་མཛུབ་སྟོན་བསམ་བློ་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་ཙམ་མ་ཡིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཕེལ་རྒྱས་སུ་གཏོང་དགོས་ཤིང་། ངེས་པར་དུ་ཀྲུང་གོ་ཅན་དུ་གྱུར་ན་གཞི་ནས་རྩ་བ་ཚུགས་ཐུབ་པ་དང་། རང་ས་ཅན་དུ་གྱུར་ན་གཞི་ནས་མི་སེམས་ཀྱི་ཟབ་སར་ཟུག་ཐུབ། རང་བཙན་རང་བདག་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་བླ་སྲོག་ཡིན་པ་དང་། ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་དོན་གལ་ཆེན་ཡིན་ལ། རང་ཉིད་ཀྱི་ལམ་དུ་བསྐྱོད་པ་ནི་ཏང་གིས་ལོ་ངོ་བརྒྱ་ལྷག་ལ་འབད་འཐབ་བྱས་པ་ལས་ཐོབ་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་ཡིན། ཁ་ཕྱོགས་ཀྱིས་བགྲོད་ལམ་ཐག་གཅོད་པ་དང་། བགྲོད་ལམ་གྱིས་ལས་དབང་ཐག་གཅོད་པ། ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ཁྲོད་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས། ཀྲུང་གོའི་དོན་དངོས་དང་མཐུན་པའི་བགྲོད་ལམ་ཡང་དག་འཚོལ་ཞིབ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་རེད། བགྲོད་ལམ་ཆེན་པོའི་སྟེང་བསྐྱོད་པ་ནི་གནམ་འོག་སྤྱི་ལ་དབང་ཞིང་། ཏང་གིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ལ་བརྟེན་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ཏེ། མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་འཛམ་གླིང་གི་འགྱུར་ལྡོག་ཆེན་པོ། ཀྲུང་གོའི་འཕེལ་རྒྱས་ལོ་རྒྱུས་ཆེན་པོ་བཅས་ཡང་དག་པའི་སྒོ་ནས་ཕྱི་ཕྱོགས་ཀྱི་འཇིག་རྟེན་བར་གྱི་འབྲེལ་བ་ངོས་འཛིན་དང་ཐག་གཅོད་བྱས་ཏེ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་པ་རེད། བྱ་གཞག་རླབས་ཆེན་ཇི་ཙམ་གཉེར་ན་དཀའ་ངལ་དང་ཉེན་ཁ་དེ་ཙམ་གྱིས་ཆེ་ལ། སྔར་ལས་ལྷག་པའི་དཀའ་སྤྱད་འབད་བརྩོན་བྱ་དགོས་ལ་གསར་གཏོད་གསར་སྐྲུན་དེ་ཙམ་གྱིས་བྱ་དགོས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་མིན་ཕྱོགས་གཞན་པའི་གསར་གཏོད་ལ་རྒྱུན་མི་ཆད་པར་སྐུལ་འདེད་བཏང་སྟེ། གནམ་འོག་གི་མདུན་གྲལ་དུ་བསྐྱོད་ཕོད་པར་བྱས་ཏེ་སྔོན་རབས་པ་སྐྱོད་མ་མྱོང་བའི་བགྲོད་ལམ་སྟེང་བསྐྱོད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱིས་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ་དང་། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཡོད་ཚད་ནི་གནམ་ནས་ལྷུང་བ་ཞིག་མིན་ལ་གཞན་གྱིས་བྱིན་པ་ཡང་མིན་པར། འཐབ་རྩོད་རྒྱུན་ཆད་མེད་པར་བྱས་ནས་ཐོབ་པ་ཞིག་ཡིན། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས། ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་འདུལ་གཡུལ་རྒྱལ་བྱེད་པའི་ཐབས་མཆོག་གལ་ཆེན་ཡིན་ལ། ཏང་གིས་སྲིད་འཛིན་རྒྱལ་དར་གཏོང་བའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན། རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོའི་གུང་ཁྲན་ཏང་འདི་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཞིག་ཡིན་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ནི་ཏང་ལ་ནམ་ཡང་ལང་ཚོའི་གསོན་ཤུགས་ལྡན་པར་བྱེད་པའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན། 《གྲོས་ཆོད》ནང་ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུ་སྙིང་བསྡུས་གནད་ལ་འཁེལ་བ་བྱས་པ་དེ་ནི་ཡུན་རིང་གི་ལག་ལེན་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་ཞིག་དང་། ཏང་དང་མི་དམངས་ཀྱིས་ཐུན་མོང་གིས་བསྐྲུན་པའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་དང་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས།
འདས་ཟིན་པའི་འབད་འཐབ་བགྲོད་ལམ་ལ་ཕྱིར་ལྟ་དང་མདུན་སྐྱོད་ཀྱི་ལམ་བུར་རྒྱང་ལྟ་བྱེད་སྐབས། ང་ཚོས་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་བསྡོམས་ཡག་པོ་བྱས་ནས། ཏང་གི་ལེགས་འགྲུབ་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་བྱེད་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། ཏང་གི་སྲོག་ཤིང་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། རིམ་པ་སོ་སོར་དོན་འཁྱོལ་བཅས་བྱས་ན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་ཐུབ་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་དམངས་ཀྱི་དར་རྒུད་སྲིད་ལ་བརྟེན་པ་སེམས་སུ་དམ་པོར་བཅངས་ནས། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་མི་དམངས་ཡོངས་རྫོགས་ཐུན་མོང་གིས་ཕྱུག་པོར་འགྱུར་བའི་ལམ་བུར་བསྐྱོད་ན། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་སྔར་ལས་ཆེ་བ་བརྩོན་ལེན་བྱེད་ཐུབ་ངེས་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་བྲལ་དུ་གཏོང་འདོད་པ་དང་ཁ་གཏད་དུ་ལངས་བསམ་པའི་རེ་ངན་ནམ་ཡང་འགྲུབ་མི་ཐུབ། ང་ཚོས་ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་ཕོད་པ་དང་། རིགས་པའི་གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་སྟོན་བྱེད་མཁས་པོ་བྱས་ན། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་མར་ཁེ་སིའི་རིང་ལུགས་ལ་སྟོབས་ཤུགས་སྔར་ལས་ཆེ་བ་དང་། གོ་སྐོན་བློ་འགུག་གི་ནུས་པ་སྔར་ལས་ཆེ་བ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་ཐུབ་ངེས་ཡིན་ལ། ང་ཚོས་རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་རྒྱལ་གྱི་ཕན་ཁེ་ཡོད་པའི་ཉམས་མྱོང་ཁེངས་སྐྱུང་གིས་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། མི་རིགས་རང་བཀུར་གྱི་བསམ་པ་དང་རང་ལ་ཡིད་ཆེས་ཀྱི་བསམ་པ་བརྟན་པོ་བཅངས་ནས། ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་གནོན་ཤུགས་ལ་མི་སྐྲག་པ་བཅས་བྱས་ན། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱེད་པའི་ལས་དབང་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་ངེས་ཡིན། ང་ཚོ་བཀག་སྡོམ་རེངས་པའི་ལམ་རྙིང་དུ་མི་འགྲོ་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་འགྲོ་བར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བསྐྱོད་ཚེ། རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན་པ་དང་། ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པར་བརྟེན་ནས་རང་ཉིད་འཕེལ་རྒྱས་གཏོང་བ་དང་། རང་ཉིད་འཕེལ་རྒྱས་གཏོང་བར་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་། འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་ཡོད་ཚད་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། མི་གཞན་ལ་རྒྱབ་རྟེན་མི་བྱེད་པ་དང་། གཞན་ལ་འཕྲོག་བཅོམ་མི་བྱེད་པ། ནམ་ཡང་བཙན་དབང་མི་བྱེད་པ་བཅས་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བར་རྒྱུན་མི་ཆད་པར་བློ་རིག་དང་སྟོབས་ཤུགས་ཕུལ་ཏེ། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ལོ་རྒྱུས་ཀྱི་འཁོར་ལོ་འོད་སྟོང་འབར་བའི་མདུན་ལམ་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་དང་། ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་། མི་དམངས་ཀྱི་རེ་བར་ལན་འདེབས་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཕོད་པ། འགྱུར་ལྡོག་ངོས་འཛིན་ཡང་དག་བྱེད་པ། ཚན་རིག་དང་མཐུན་པར་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་འབྱུང་ཐབས་བྱེད་པ། ནམ་ཡང་རེངས་པོར་མི་འགྱུར་བ་དང་ནམ་ཡང་མཚམས་མི་འཇོག་པ་བཅས་བྱས་ཚེ། མི་རྣམས་ཀྱིས་ལྟ་སྟངས་གསར་བ་འཛིན་པའི་བྱས་རྗེས་སྔར་ལས་མང་པོ་འཇོག་ཐུབ་ངེས་ཡིན་པ་དང་། ང་ཚོས་རླབས་ཆེན་གྱི་འཐབ་རྩོད་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱེད་པ། སྔོན་ནས་བྱ་བ་ཡག་པོ་སྒྲུབ་པ་དང་རང་འགུལ་ངང་དམག་འཐབ་ཡག་པོ་རྒྱག་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་འདོད་བློ་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཚེ། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན། ང་ཚོས་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་བཅས་རྒྱུན་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱས་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ་ངེས་རེད། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་རྒྱུན་མི་ཆད་པར་གཙང་སེལ་བྱེད་པ་དང་། ཏང་གི་གཟུགས་གཞི་བདེ་ཐང་ལ་བསླད་སྐྱོན་གཏོང་བའི་ནད་དུག་མཐའ་དག་རྒྱུན་མི་ཆད་པར་གཙང་སེལ་བྱས་ན། ཏང་གི་ངོ་བོ་མི་འགྱུར་བ་དང་ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཁག་ཐེག་བྱེད་ཐུབ་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་ཐུབ་ངེས་རེད།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལེན་པ་དང་། མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་པ། ཞུམ་མེད་འབད་འཐབ་དང་འབད་འཐབ་ལྷོད་མེད་བཅས་བྱས་ཚེ། ང་ཚོ་དཀའ་ངལ་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་ལ། བརྗིད་ཆེའི་ལེའུ་གསར་པ་དང་བྱས་རྗེས་སྔར་ལས་གསར་པ་བསྐྲུན་ཐུབ་ངེས་རེད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།