【དགུན་དུས་གཞི་རིམ་དུ་བསྐྱོད་པ】ཐུན་ཏེ་རྫོང་གིས་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་བསྣན།
2024.01.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཐུན་ཏེ་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་བྱ་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ཏེ་བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་བྱེད་པར་ནུས་པ་བླ་ལྷག་ཐོན།

དགུན་ལ་ཙག་རླུང་གི་ངར་ཁ་རྒོད་ཅིང་། མཐོ་སྒང་ས་གཞི་ཀུན་གྲང་འཁྱག་གི་ནམ་ཟླས་ཡོངས་སུ་བཟུང་བའི་དུས་ཚིགས་འདིར། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་སྐྱོད་པའི་བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དུ་སླེབས། རྫོང་འདི་ནི་སྔོན་ཆད་མང་ཚོགས་ཁྲོད་དུ་འཚོ་བའི་ཁེ་ཕན་དང་སྡེ་བའི་སྤྱི་ས་སོགས་རྩོད་གླེང་བྱེད་པའི་གྱོད་གཞི་ཅུང་མང་བའི་ས་ཁུལ་ཞིག་ཡིན་མོད། དུས་རབས་གསར་པའི་དཔྱིད་དཔལ་གྱི་འབོད་པ་དང་བསྡོངས་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་འཕྲིན་ལས་རབ་ཏུ་རྒྱས་ཤིང་། ས་གནས་སྲིད་གཞུང་གིས་དེ་ལ་གཙིགས་ཆེན་བླ་ལྷག་བྱས་པའི་དབང་གིས། ད་ལྟ་བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་བྱས་ཏེ། ཡུལ་ཕྱོགས་འདིའི་གྱོད་སྣ་ཁ་མཆུ་ཡོད་ཚད་སྟོན་གྱི་བ་མོ་བཞིན་རང་སར་ཞི་ཞིང་། སྤྱི་ཚོགས་བདེ་ཞིང་མི་རྣམས་འཆམ་པའི་སྤྲོ་སྐྱིད་ཀྱི་འཚོ་བའི་ཀློང་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་ལ་བང་གིས་སྐྱོད་བཞིན་འདུག

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་དང་། མཚོ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག ཐུན་ཏེ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་བྱེད་ཐབས་གཙོར་བཟུང་ནས། རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་དྲག་ཏུ་བཏང་། དེའི་སྐོར་ནས་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སའོ་ཀྲང་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།

2023ལོར། བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་གྱི་ཐད་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཤུགས་ཆེན་པོ་བརྒྱབ་ཡོད། ཐུན་ཏེ་རྫོང་གིས་རིམ་པ་གསུམ་གྱི་ངོས་ཐད་ནས་བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་ལ་ནུས་པ་འདོན་བཞིན་མཆིས། རྫོང་དུ་རྫོང་སྤྱི་ཚོགས་བཅོས་སྐྱོང་ཞབས་ཞུ་ལྟེ་གནས་ཀྱིས་ནུས་པ་འདོན་བཞིན་ཡོད་པ་དང་། ང་ཚོ་རྐ་འབའ་སུམ་མདོ་མངག་གཏོང་ཁང་གིས་ས་ཆ་གང་དུ་གནད་དོན་ཅི་ཞིག་ཡོད་ན། དེར་བསྟུན་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ་དང་། དེ་མིན་གཞི་རིམ་དུ་བྱུང་བའི་འགལ་བ་སེལ་ཐུབ་པ་རྣམས་གཞི་རིམ་དུ་སེལ་བ་ཡིན། 2023ལོར་མཚོན་ན། རྐ་འབའ་སུམ་མདོ་ས་ཁུལ་འདི་ནས་འགལ་བ་སུམ་ཅུ་ལྷག་གཞི་རིམ་དུ་གཙང་སེལ་བྱས་པ་དང་། ཁྲིམས་ལུགས་དྲིལ་སྒྲོག་གི་བྱེད་སྒོ་བདུན་ཅུ་ལྷག་སྤེལ་བ་དང་མང་ཚོགས་ཁྲི་གཉིས་ལྷག་ཞུགས་ཡོད། དེ་མིན་བཅའ་ཁྲིམས་རོགས་སྐྱོར་གྱི་ཐད་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཡི་གེ་འབྲི་རོགས་དང་དྲི་བར་ལན་འདེབས་པ་སོགས་བདུན་བརྒྱ་ཙམ་བྱས་ལ། ཁྲིམས་ལུགས་རོགས་སྐྱོར་གྱི་ཐད་སྔར་ལས་ཤུགས་བསྣན་ཏེ་སྔར་ལས་བཟང་པོའི་གྲུབ་འབྲས་ཞིག་ལེན་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད།

བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་བྱས་ནས་གྲུབ་འབྲས་བླ་མེད་བླངས་པའི་གནས་ཚུལ་འདི་བཤད་ཡོང་ན། ཐོག་མར་ཡུལ་ལྷ་ཚེ་རིང་ཞེས་པའི་མི་སྣ་ཞིག་ངེས་པར་དུ་གླེང་དགོས་པ་ཞིག་ཏུ་ཆགས་འདུག  ཡུལ་ལྷ་ཚེ་རིང་ནི་ཐུན་ཏེ་རྫོང་གི་ས་གནས་མི་སྣ་གྲགས་ཅན་ཞིག་སྟེ། ལོ་ངོ་བཞི་བཅུའི་རིང་ལ་མི་དམངས་འདུམ་སྒྲིག་གི་བྱ་བ་བསྒྲུབས་པ་དང་། གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར། ཞིང་ཆེན་ཕྱུགས་ལས་ཐིན་གྱིས་ཞིང་ཆེན་རིམ་པའི་རྩྭ་ཐང་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྣར་བདམས། ཉིས་སྟོང་ལྔ་ནས་བཅུ་ལོའི་བར་བསྟུད་མར་ལོ་ལྔ་ལ་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་སྔོན་ཐོན་ལས་བྱེད་པའི་བྱ་དགའ་ཐོབ། ཉིས་སྟོང་བདུན་ལོའི་ཟླ་བཅུ་གཅིག་པར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་འདུམ་སྒྲིག་བྱ་བའི་ཕུལ་བྱུང་གཟུ་པར་བདམས།  ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་ཡོངས་དང་ཁུལ་རིམ་པ། རྫོང་ཡོངས་ཀྱི་ཆེས་མཛེས་པའི་མི་དམངས་འདུམ་སྒྲིག་པར་བདམས། ཁོས་མི་ཚེ་གང་བོར་ཐུན་ཏེ་རྫོང་གི་ས་ཆ་སོ་སོའི་ས་རྩོད་ཆུ་རྩོད་དང་། གཉེན་འཐོར་སོགས་གཙོ་བྱས་པའི་གྱོད་གཞི་སྣ་ཚོགས་ཐག་གིས་བཅད་ཅིང་། ས་གནས་མང་ཚོགས་རྣམས་ཀྱིས་ཀྱང་གྱོད་གཞི་ཅི་འདྲ་ཆེ་རུང་། ཡུལ་ལྷ་ཚེ་རིང་གིས་མི་ཤོད་པ་ཞིག་མེད་ཅེས་གདེང་འཇོག་མཐོན་པོ་བྱེད་ཀྱིན་འདུག  ཐུན་ཏེ་རྫོང་འདུམ་སྒྲིག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡུལ་ལྷ་ཚེ་རིང་གིས་བཤད་རྒྱུར།

1984ལོར་བྱ་བར་ཞུགས་པ་ཡིན། ད་ལྟའི་བར་བྱ་བ་བསྒྲུབས་ནས་ལོ་ངོ་བཞི་བཅུ་འགོར་བ་དང་དེའི་རིང་ལ་ཐུན་ཏེ་རྫོང་ནས་གཟུ་པའི་བྱ་བ་འདི་གཉེར་བ་ཡིན། ལོ་ངོ་བཞི་བཅུའི་རིང་ལ། ཕལ་ཆེར་གྱོད་སྣ་སུམ་སྟོང་ལྔ་བརྒྱ་ལྷག་འདུམ་པ་དང་། དེའི་ཁྲོད་རྫོང་ནས་རྫོང་དང་། ཁུལ་ནས་ཁུལ། ཞིང་ཆེན་ཕྱིའི་གྱོད་སྣ་མང་པོ་འདུམ་མྱོང་། ད་ལྟའི་བར་འདུམ་སྒྲིག་གི་ཚད་བརྒྱ་ཆའི་བརྒྱ་ཡིན་ལ། ལེགས་འགྲུབ་ཀྱི་ཚད་དང་ལག་བསྟར་གྱི་ཚད་ཀྱང་བརྒྱ་ཆའི་བརྒྱ་ཡིན་པ་དང་། དེའི་ཁྲོད་མང་ཚོགས་ཡིད་མ་ཚིམ་པར་གོང་གཏུག་བྱས་པ་གཅིག་ཀྱང་མེད།

ལོ་ངོ་བཞི་བཅུའི་རིང་ལ། ཡུལ་ལྷ་ཚེ་རིང་གྱོད་ཁ་མཆུ་མང་པོའི་ཁ་གཏད་དུ་ལངས་ཏེ། མཐོ་སྒང་གི་འཆམ་མཐུན་དང་ཞོད་འཇགས་ལ་སོ་སྲུང་བྱས་ཡོད། ད་ལྟ་ཐུན་ཏེ་རྫོང་དུ་སྡེ་བའི་སྤྱི་ས་དང་ཅུང་རྩོད་གླེང་ཡོད་པའི་རྩྭ་ས་དང་ཞིང་ས་མང་པོ་ཁྱོད་བཟང་ང་བཟང་བྱས་ཏེ། གྱོད་སྣ་དང་རྩོད་གཞི་ཅི་ཡང་མེད་པའི་སྒོ་ནས་ཐག་གཅོད་བྱས་ཡོད་པར་མ་ཟད། སྡེ་བ་སོ་སོའི་ཁྲོད་དུ་ཁྱིམ་ཚང་བར་གྱི་འགལ་བ་དང་སྡེ་བའི་བར་གྱི་འགལ་བ་སོགས་ཅི་ཡང་མེད་ལ། རྐུ་ཇག་འཕྲོག་གསུམ་གྱི་བྱ་བ་ཡོད་ཚད་མཚམས་ཆད་ཡོད་པས། ཡུལ་ལྷ་ཚེ་རིང་ཡང་ཅུང་སེམས་བདེ་ལ་བབས་ནས། ན་གཞོན་མང་པོར་གྱོད་སྣ་འདུམ་སྒྲིག་གི་བྱ་བར་སྣེ་ཁྲིད་བྱེད་ཞོར་དུ། ས་གནས་སོ་སོའི་བདེ་འཇགས་འཛུགས་སྐྲུན་ལ་ཡར་སྐུལ་གྱི་བྱ་བ་སྣ་ཚོགས་སྒྲུབ་བཞིན་འདུག. དེའི་སྐོར་ནས་ཞོལ་མ་ཡུལ་ཚོ་རྡེའུ་དཀར་སྡེ་བའི་སྡེ་མི་རྡོ་རྗེ་ཐར་གྱིས་བཤད་རྒྱུར།

1993ལོ་ནས་ཐག་གིས་མ་ཆོད་པའི་རྩྭ་ས་མུའུ་བརྒྱའི་འགལ་ཟླ་ཞིག་ཡོད། 2023ལོར་མཚོན་ན། རྫོང་འགལ་འདུམ་ལྟེ་གནས་ཀྱི་ཁྲིམས་འཛིན་ཡུལ་ལྷ་ཚེ་རིང་དང་རྡོ་རྗེ་ཚེ་རིང་སོགས་གཙོ་བྱས་ཏེ་རང་སྡེ་བའི་དོན་དག་ཐག་གིས་བཅད་པ་མ་ཟད་ཕན་ཚུན་མཐུན་སྒྲིལ་བྱེད་དུ་བཅུག རང་ལ་མཚོན་ན་ཁོ་ཚོའི་བྱ་བ་སྒྲུབ་སྟངས་ལ་ཧ་ཅང་ཡིད་ཚིམ་པ་ཞིག་རེད།

བདེ་འཇགས་ཐུན་ཏེ་ཡི་བྱ་བ་ལག་བསྟར་བྱས་པ་ནས་བཟུང་། ཐུན་ཏེ་རྫོང་གི་འགལ་བ་འདུམ་སྒྲིག་ཐད་ཕན་འབྲས་མངོན་གསལ་བླངས་ནས། གྱོད་པར་གཟུ་པ་ཡོད་ཅིང་ནད་པར་སྨན་པ་ཡོད་པའི་དཔེ་ཇི་བཞིན། འདྲ་མཉམ་དྲང་གཞག་གིས་གྱོད་སྣ་འདུམ་མཁན་ཡོད་པར་གྱུར། ད་ལོ་ཐུན་ཏེ་རྫོང་འདུམ་སྒྲིག་ལྟེ་གནས་ཀྱིས་གྱོད་སྣ་དོན་གཅིག་ཐག་གིས་བཅད་དེ། ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་གོ་དགུ་གྲངས་ཆུང་བརྒྱད་ལ་སླེབས། དེའི་སྐོར་ནས་ཞོལ་མ་ཡུལ་ཚོ་རྡེའུ་དཀར་སྡེ་བའི་སྡེ་མི་སྟོན་པས་བཤད་རྒྱུར།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱས་ཏེ། མང་ཚོགས་ཀྱི་འདུ་ཤེས་ཀྱང་ཇེ་ཆེར་ཕྱིན་ཡོད། འདུམ་སྒྲིག་ལྟེ་གནས་ཀྱིས་ཡང་དག་པའི་སྲིད་ཇུས་འོག་འགལ་བ་སྣ་ཚོགས་ཐག་གིས་བཅད་ཡོད། ད་ལྟ་སྔོན་ཆད་དང་བསྡུར་ན་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ། ཕྱོགས་གང་ཅིའི་ཐད་ཡར་རྒྱས་གོང་འཕེལ་འབྱུང་བཞིན་ཡོད།

རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བ་ནི་ཐུན་ཏེ་རྫོང་མཁར་དང་སྤྱི་ལེ་བདུན་གྱི་མཚམས་སུ་ཡོད། རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་བྱ་བ་སྣ་ཚོགས་ཡུལ་ཚོ་དང་སྡེ་བའི་ནང་དངོས་འབེབ་དོན་འཁྱོལ་བྱས་པ་དང་བསྟུན། སྡེ་བ་འདིའི་མཐུན་སྒྲིལ་དང་འཆམ་མཐུན། འཕེལ་རྒྱས་བཅས་ཀྱི་ཐད་ཀྱང་ཡར་རྒྱས་ཆེན་པོ་བྱུང་འདུག བད་ཁོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་བྷེ་ཡིས་བཤད་རྒྱུར།

རྐ་འབའ་སུམ་མདོ་ཁྲིམས་འཛིན་ཁང་གིས་ང་ཚོའི་སྡེ་བར་གཞི་རིམ་བདེ་འཇགས་ཀྱི་ཐད་ཁྲིམས་འཛིན་གྱི་ཁོར་ཡུག་འདོན་སྤྲོད་བྱས་པ་དང་། དྲིལ་སྒྲོག་མང་པོ་བྱས་པ་མ་ཟད་ཁྲིམས་ལུགས་རོགས་སྐྱོར་གྱི་ཐད་བློ་འདོན་པ་སོགས་བཀོད་སྒྲིག་བྱས་ཏེ། བདེ་འཇགས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད། ང་ཚོའི་སྡེ་བ2022ལོར་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི་མཚན་སྙན་ཐོབ་ཡོད། ལོ་འདི་དག་གི་རིང་ལ་གྱོད་སྣ་མང་པོ་མེད་ལ། གྱོད་གཞི་ཡོད་ཚེ་སྡེ་བ་ནས་ཐག་ཆོད་པ་སྡེ་བ་ནས་ཐག་གིས་བཅད་པ་དང་། ཐག་མི་ཆོད་པ་ཁྲིམས་འཛིན་ཁང་གིས་རོགས་སྐྱོར་བྱས་ཏེ་ཐག་གཅོད་བྱས་པས། ད་ལྟ་བདེ་འཇགས་ཀྱི་འཛུགས་སྐྲུན་ཐད་ནུས་པ་ཆེན་པོ་ཐོན་ཡོད།

ཐུན་ཏེ་རྫོང་གིས་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དཔུང་ཁག་སྟོབས་ཆེར་གཏོང་བ་དང་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུའི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཐུན་ཏེ་འཛུགས་སྐྲུན་ལ་འབད་བཞིན་མཆིས།


གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།