【དགུན་དུས་གཞི་རིམ་དུ་བསྐྱོད་པ】 ཀོས་ནན་རྫོང་ཀུའུ་མུའུ་ཁང་ཞིང་ལས་དཔེ་སྟོན་མཉམ་ལས་ཁང་གིས་དྲོད་ཁང་ལ་བརྟེན་ནས་སྔོ་ཚོད་སྣ་ཚོགས་འདེབས་འཛུགས་བྱས་ཏེ་ས་གནས་ཁྲོམ་རའི་དགོས་མཁོ་བསྐངས།
2024.01.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཀོས་ནན་རྫོང་ཀུའུ་མུའུ་ཁང་ཞིང་ལས་དཔེ་སྟོན་མཉམ་ལས་ཁང་གིས་དྲོད་ཁང་ལ་བརྟེན་ནས་སྔོ་ཚོད་སྣ་ཚོགས་འདེབས་འཛུགས་བྱས་ཏེ་ས་གནས་ཁྲོམ་རའི་དགོས་མཁོ་བསྐངས་པ་མ་ཟད། མཐའ་འཁོར་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གིས་བཅད།

ང་ཚོ་དགུན་དུས་གཞི་རིམ་དུ་སྐྱོད་པའི་བཅར་འདྲི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་སླེབས་པ་ན། ཀོས་ནན་རྫོང་གི་མི་དམངས་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་ཐོན་སྐྱེད་ཀྱི་འཕེལ་རྒྱས་ལམ་ཁ་ན་ཁོམ་ལོང་མེད་པར་ལས་ཀར་བྲེལ་བཞིན་འདུག རྫོང་དྲིལ་སྒྲོག་པུའུ་ཡིས་ཀོས་ནན་ས་ཆའི་གྲུབ་འབྲས་གཟེངས་སུ་ཐོན་པའི་ཞིང་ལས་མཉམ་ལས་ཁང་ཞིག་ང་ཚོར་ངོ་སྤྲོད་བྱས་བྱུང་། མཉམ་ལས་ཁང་དེའི་མིང་ལ་ཀུའུ་མུའུ་ཁང་ཞིང་ལས་དཔེ་སྟོན་མཉམ་ལས་ཁང་ཟེར། མཉམ་ལས་ཁང་འདི་གཞི་རྒྱ་ཆེ་ཞིང་། སྔོ་ཚོད་འདེབས་པའི་རིགས་སྣ་མང་པ་མ་ཟད། དེང་རབས་ཚན་རྩལ་གྱི་བྱེད་ཐབས་སྣ་ཚོགས་འཛོམས་པས། མཐོ་སྒང་གི་མཚོ་འཕང་མུས་སུམ་སྟོང་ཡན་གྱི་དྲོད་ཁང་འདིས་ཀོས་ནན་རྫོང་གི་ས་གནས་མི་དམངས་ལ་དཔལ་འབྱོར་གཉེར་བའི་ལམ་བུ་ཡག་པོ་ཞིག་ཕྱེས་འདུག

ཀོས་ནན་རྫོང་ཀུའུ་མུའུ་ཁང་སྐྱེ་ཁམས་ཞིང་ལས་ཆེད་ལས་མཉམ་ལས་ཁང་གིས་སྤྱི་གནོད་མེད་པ་དང་། ལྗང་མདོག་དང་སྐྱེ་ལྡན་གྱི་སྔོད་ཚོད་འདེབས་འཛུགས་དེ་འཕེལ་རྒྱས་ཀྱི་འདུ་ཤེས་སུ་བཟུང་ནས། སྔོ་ཚོད་ཀྱི་རིགས་སྣ་གསར་བ་ཁྱབ་གདལ་དུ་གཏོང་པ་དང་ལག་རྩལ་གསར་བ་ནང་འདྲེན་བྱེད་པ། འདེབས་འཛུགས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་སོགས་ཀྱི་ལས་ལ་འབད་བཞིན་འདུག ད་ལོ། གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་བརྒྱད་ཀྱི་རྒྱབ་སྐྱོར་འོག་ནས། དྲོད་ཁང་གྱ་ལྔ་སླར་གསོ་དང་སྒྱུར་བཀོད་བྱས་ཏེ་དྲོད་ཚད་དང་སྤུས་ཚད་ཇེ་བཟང་དུ་བཏང་། དགུན་གྱི་དུས་ཚིགས་འདི་ལ། ཀོས་ནན་ས་ཆའི་རོང་འབྲོག་མང་ཚོགས་རྣམས་ལ་ཁོམ་ལོང་གི་དུས་ཚོད་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་ཁོ་ཚོ་སྒོ་ཕྱི་རུ་ཞོར་ལས་སུ་འགྲོ་ན་དེ་འདྲའི་སྟབས་བདེ་མིན། ཀུའུ་མུའུ་ཁང་སྐྱེ་ཁམས་ཞིང་ལས་མཉམ་ལས་ཁང་གི་དྲོད་ཁང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག  མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཀྲང་ཅན་ཡོན་གྱིས་བཤད་རྒྱུར།

ང་ཚོའི་ཀུའུ་མུའུ་ཁང་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ར་བ་འདི་བཙུགས་ནས་ལོ་བརྒྱད་འགོར་ཡོད་པ་དང་། འདིའི་ནང་དུས་ཚིགས་རང་བཞིན་གྱི་དྲོད་ཁང་ཞེ་བཞི་ཡོད་ལ། ས་གྱང་གི་དྲོད་ཁང་ཞེ་གཅིག་ཡོད། ད་ལོའི་དགུན་ཁར་དྲོད་ཁང་ཞེ་ལྔའི་ནང་དུ་ལ་ཕུག་དང་སུར་པན། སྔོ་ཚོད་ཀན་ལན་སོགས་བཏབ་ཡོད་པ་དང་། ད་ལོ་གསར་དུ་ལས་པའི་དྲོད་ཁང་དག་ཀྱང་ཚད་གཞིར་སླེབས་ནས་སྔོ་ཚོད་བཏབ་ཡོད། མིག་སྔར་སྔོ་ཚོད་ཀྱི་སྐྱེས་སྟོབས་ཧ་ཅང་བཟང་ལ། ལོ་སར་གྱི་སྔ་གཞུག་ཏུ་ཁྲོམ་རར་བཀྲམ་ཆོག

དྲོད་ཁང་ནང་དུ་སྔོ་ཚོད་བཏབ་ན་སེམས་ཞིབ་མོས་བདག་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན། དྲོད་ཁང་གི་ལག་རྩལ་པ་ཀྲང་ཝུན་རུའུ་ཡིས་ཉིན་རྒྱུན་དྲོད་ཁང་ནང་གི་སྔོ་ཚོད་སྣ་ཚོགས་ལ་དུག་སེལ་དང་གཙང་སྦྲ། ཆུ་གཏོང་བ། ལུད་རྫས་འཇོག་པ། དྲོད་ཚད་སྙོམས་པ་སོགས་ཀྱི་བྱ་བ་སྣ་ཚོགས་སྒྲུབ་ནས། རོང་འབྲོག་མང་ཚོགས་རྣམས་ལ་སྤུས་དག་སྔོ་ཚོད་འདོན་སྤྲོད་བྱ་ཆེད་འབད་པ་བྱེད་ཀྱིན་མཆིས།  ཁོས་བཤད་རྒྱུར།

ང་རང་ཀུའུ་མུའུ་ཁང་དུ་ཡོང་ནས་ལོ་བརྒྱད་འགོར་ཡོད། འདིའི་རིང་ལ་ལག་རྩལ་གྱི་བྱ་བ་གཉེར་བ་ཡིན། དྲོད་ཁང་ཕྱོགས་གཉིས་སུ་དགར་ཡོད་ལ། ཕྱོགས་གཅིག་གི་དྲོད་ཁང་སྐོར་ཞིག་གི་དྲོད་ཚད་ཚད་གཞིར་སླེབས་ཡོད་པ་དང་། ད་ལྟ་ཕྱོགས་འདིའི་དྲོད་ཁང་དགུན་དུས་སུ་ཚད་གཞིར་སླེབས་ཐུབ་མིན་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན། ད་ལྟའི་གནས་ཚུལ་ལ་བལྟས་ན་དྲོད་ཚད་ཚད་གཞིར་སླེབས་ཡོད། ང་རང་གིས་གནས་འདིར་ལས་ཀ་ལས་ན་ཟླ་རེར་སྒོར་སྟོང་དྲུག་གི་གླ་ཕོགས་ཡོད་ལ། མཐའ་འཁོར་གྱི་སྡེ་བའི་མང་ཚོགས་ཀྱང་གནས་འདིར་ལས་ཀ་ལས་རུ་ཡོང་ན་རང་གི་སྒོ་ཁ་ནས་ཡོང་སྒོ་བཙལ་ཐུབ་པས། ངས་བལྟས་ན་ཧ་ཅང་བཟང་འདོད།

ཀོས་ནན་རྫོང་ཀུའུ་མུའུ་ཁང་སྐྱེ་ཁམས་ཞིང་ལས་ཆེད་ལས་མཉམ་ལས་ཁང་ནི་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ནང་སོ་སྡེ་བའི་ས་ཞིང་གི་སྟེང་དུ་འཛུགས་སྐྲུན་བྱས་ཡོད་ལ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ས་ཞིང་མུའུ་སུམ་བརྒྱ་དང་བཅུ་ཡོད། ལོ་རེར་ཧ་ལམ་སྒོར་ས་ཡ་གཉིས་ལྷག་གི་ཡོང་འབབ་འཚོལ་ཐུབ་ཀྱིན་ཡོད་ལ། ཡོང་འབབ་དེ་དག་གི་མང་ཤོས་མང་ཆུ་གྲོང་རྡལ་གྱི་ངལ་རྩོལ་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་བསྩལ་ནས། ཁོ་ཚོའི་ཟླ་ཕོགས་ལ་སྟེར་གྱིན་ཡོད། མང་ཆུ་གྲོང་རྡལ་ལོ་བ་གོང་མ་སྡེ་བའི་སྡེ་མི་ཁྲིན་ལེན་གྱིས་བཤད་རྒྱུར།

དགུན་ཁར་ཐག་རིང་ལ་ཞོར་ལས་སུ་འགྲོ་ས་མེད་པ་དང་། གནས་འདིར་ཁྱིམ་དང་ཐག་ཉེ་ལ། ཉིན་གཅིག་ལ་འཚོ་བའི་ཁ་གསབ་སྒོར་བརྒྱ་རེ་བཙལ་ཐུབ་པས། ཧ་ཅང་བཟང་།

མཉམ་ལས་ཁང་འདིས་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། ཁྲོམ་རའི་དགོས་མཁོ་རྒྱ་བསྐྱེད་དེ་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་སུ་སྔོ་ཚོད་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་མ་ཟད། ཀོས་ནན་རྫོང་གི་སྔོ་ཚོད་ཁྲོམ་ར་དང་སློབ་གྲྭ་སོགས་ལའང་སྔོ་ཚོད་མཁོ་སྤྲོད་བྱེད་ཀྱིན་ཡོད། ས་གནས་རང་གི་སྔོ་ཚོད་ཀྱི་དགོས་མཁོ་འདང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཟི་ལིང་སོགས་ས་གནས་གཞན་དག་ལའང་ཕྱིར་ཚོང་བྱེད་ཀྱིན་ཡོད་པས། མཐོ་སྒང་གྲོང་རྡལ་ཞིག་གི་ངོས་ནས། དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་རང་ནུས་ཀྱིས་སྟོབས་ཤུགས་ཕུལ་དང་འབུལ་བཞིན་མཆིས།

དྲོད་ཁང་ནང་གི་སུར་པན།

མཉམ་ལས་ཁང་གི་སྔོ་ཚོད་ཐོན་རྫས།


གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ཨ་བརྟན་རྒྱལ།

ལྟ་སྐུལ་པ། དབང་གྲགས་ཚེ་རིང་།