སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པར་བླང་བྱ་བདུན་བཏོན།
2024.01.12 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 1

 ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་རེ་རེར་དཔྱད་བརྗོད་དང་བླང་བྱ་བཏོན་པ་དང་ཕྱོགས་སྡོམ་གནང་བ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པར་སྣེ་ཁྲིད་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་པ་རེད།

གཅིག་ནས་བསམ་བློའི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་ནི་ཏང་ཡོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

གཉིས་ནས་སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་དགོས།

ཞི་ཅིན་ཕིང་གིས་བླང་བྱ་གསལ་བོ་བཏོན་པ་སྟེ།  ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་གྱི་ཞིབ་འཇུག་ལ་ཞུགས་སྐབས་བསམ་གཞིག་ནན་ཏན་བྱས་ཏེ་བསམ་འཆར་གང་ལེགས་འདོན་དགོས། བྱ་བའི་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་ངོ་མ་རྣམས་དུས་ཐོག་ཏུ་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་ནས་ཡར་ཞུ་བྱེད་པ་དང་། གཏམ་བཟང་ཁོ་ན་ཡར་ཞུ་བྱེད་པ་ལས་གཏམ་ངན་ཡར་ཞུ་མི་བྱེད་པ་བྱེད་མི་རུང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཙོ་འགན་འཁུར་བའི་ས་གནས་སུ་དམངས་གཙོ་དར་སྤེལ་གཏོང་བར་མཐོང་ཆེན་བྱས་ཏེ། ཚང་མས་གང་བསམ་ལྷུག་པོར་བརྗོད་པར་སྐུལ་ལྕག་བྱེད་དགོས། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པའི་གནད་དོན་ལ་དམིགས་ཏེ གཅིག་སྡུད་ཡང་དག་བྱེད་མཁས་པོ་བྱས་ཏེ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་པའི་བསམ་འཆར་ཡང་དག་སྙིང་བསྡུས་བྱེད་དགོས།

གསུམ་ནས་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བདེ་སྡོད་ཉེན་བསམ་དང་མ་ཡོང་སྔོན་འགོག་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་རྩོད་སྒྲུབ་ཀྱི་བསམ་གཞིག་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོར“ཟུར་བལྟས་ལེབ་མཐོང་དང་ཕྲ་མོ་ཙམ་ཡང་གསལ་པོར་མཐོང་བའི་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ལྡན་པར་བྱེད་པ་དང་།  ཆབ་སྲིད་ཀྱི་ཐོག་ནས་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་མཁས་པོ་བྱེད་པ། སྣང་ཚུལ་བརྒྱུད་ནས་ངོ་བོར་ལྟ་བ། བྱ་དངོས་འཕེལ་རྒྱས་ཀྱི་ནང་གནས་ཆོས་ཉིད་ཤེས་པར་བྱེད་པ། དུས་ཐོག་དང་བབ་བསྟུན། ཉེན་ཁ་དང་གོ་སྐབས། ཕན་པ་དང་གནོད་པ་བཅས་ལ་དབྱེ་བ་ཡང་དག་འབྱེད་པ། རང་འགུལ་ངང་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། འགག་རྩའི་གོ་སྐབས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཉེན་ཁར་ཁ་གཏད་ནུས་ལྡན་འཇལ་བ། འཆར་འགོད་ཡག་པོ་བྱས་ནས་ལག་ལེན་བསྟར་བ་བཅས་བྱེད་དགོས”པའི་བླང་བྱ་བཏོན་པ་རེད།

བཞི་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་བྱས་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས།

ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུན་འཁྱོངས”གསུམ་དང“ངོ་རྒོལ”གསུམ་གསལ་པོར་བཏོན་པ་སྟེ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ཆེ་རྔམ་ཕྱི་གཉེར་དང་རྨོངས་ཚོད་བབ་ཅོལ་ལ་ངོ་རྒོལ་བྱེད་དགོས་པ་དང་། བྱེད་ཐབས་དངོས་བཏོན་ནས་ཕན་འབྲས་དངོས་གཉེར་བ་རྒྱུན་འཁྱོངས་བྱས་ཏེ། ཕྱི་མཛེས་ནང་སྟོང་དང་གཞི་གྲངས་རྫུན་བཟོ་བྱེད་པར་ངོ་རྒོལ་བྱེད་དགོས།

རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་རྒྱུན་འཁྱོངས་བྱས་ཏེ།  དམངས་ངལ་རྒྱུ་ཟད་ལ་ངོ་རྒོལ་བྱེད་དགོས།

མིག་སྔར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་བྱས་འབྲས་ཀྱི་འདུ་ཤེས་འཛུགས་རྒྱུའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་དོན་བྱས་འབྲས་ཀྱི་དཔྱད་ཞིབ་དང་གདེང་འཇོག་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ།  རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་ཡང་དག་པའི་སྲིད་དོན་བྱས་འབྲས་ཀྱི་ལྟ་བ་ལག་བསྟར་ནན་ཏན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡང་དག་པའི་ལས་དོན་གྱི་སྟོན་ཕྱོགས་ཤིག་ ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

ལྔ་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན།”“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ”།    “མཐུན་སྒྲིལ་འབད་འཐབ”ཞེས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྟེང་།  ཏང་གི་འབད་འཐབ་དམིགས་འབེན་ལ་བརྟེན་ནས་མི་ལ་སྐུལ་ལྕག་གཏོང་མཁས་པོ་དང་།  མི་ལ་འབོད་སྐུལ་བྱེད་མཁས་པོ་བཅས་བྱེད་པ་དང་།  སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པར་སྐུལ་འདེད་བཏང་ནས།  ལྷག་བསམ་ཟོལ་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་ཐུབ་པ་བྱེད་དགོས་ཞེས་བསྟན།

དྲུག་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་དགོས།

“གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པས་མི་དམངས་ནམ་ཡང་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་དགོས”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།   མང་ཚོགས་སེམས་སུ་བཟུང་བ་དང་།  མང་ཚོགས་ལ་བརྩེ་སེམས་བཅངས་པ་དེ་རང་འགན་གཙང་སྒྲུབ་བྱེད་པའི་བརྒྱུད་རིམ་ཡོངས་ལ་མཚོན་པར་ཏེ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་སྣོན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུར་དུས་ཐོག་ཏུ་ལན་བཏབ་ནས། བྱ་བ་བཟང་པོ་ཏན་ཏིག་གིས་སྒྲུབ་པ་དང་།  བྱ་བ་དངོས་སྒྲུབ་པ།   དཀའ་གནད་ཐག་གཅོད་བཅས་བྱེད་དགོས།

འདི་ནི་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ལ་བཏོན་པའི་བླང་བྱ་ཡིན་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བཏོན་པའི་བླང་བྱ་ཡང་ཡིན།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་ནན་བཤད་གནང་དོན། ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། མུ་མཐུད་དུ་ཤུགས་སྣོན་དང་། མཉམ་དུ་ཤུགས་སྣོན། མཐའ་གཅིག་ཏུ་བཅོས་སྐྱོང་བཅས་བྱེད་དགོས་པ་དང་། འགོ་ཁྲིད་ལས་ཁུངས་ནས་དམ་འཛིན་དང་འགོ་ཁྲིད་ལས་བྱེད་པར་བཅོས་སྒྱུར་བྱེད་པ་ནས་འགོ་བརྩས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྣེ་ཁྲིད་ནས་དམ་འཛིན་དང་སྣེ་ཁྲིད་ནས་བཅོས་སྒྱུར་བྱེད་དགོས།

བདུན་ནས་སྤྱོད་གཙང་རང་གཅེས་དང་སྤྱོད་གཙང་རང་གཅུན་ཐད་ཏང་ཡོངས་ལ་ཚད་ཤིང་འཛུགས་པ་དང་མིག་དཔེ་འདོན་དགོས།

“ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་ཆེད་མཁས་པའི་ཚད་གཞི་ལྟར། རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་། སྤྱོད་གཙང་རང་གཅེས་དང་སྤྱོད་གཙང་རང་གཅུན་ཐད་ཏང་ཡོངས་ལ་ཚད་ཤིང་འཛུགས་པ་དང་མིག་དཔེ་འདོན་པ། ནང་མི་དང་། གཉེན་ཉེ། ཉེ་འགྲམ་གྱི་ལས་བྱེད་མི་སྣ་ བཅས་ལ་དོ་དམ་ནན་མོ་བྱེད་པ། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཙོ་འགན་འཁུར་བའི་ས་གནས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སླར་ཡང་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།

གོ་གནས་ཇི་ཙམ་མཐོ་ན་དེ་ཙམ་གྱིས་མི་དམངས་ལ་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་དེ་བས་ཞབས་འདེགས་ཞུ་དགོས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གུས་སྐྲག་དང་། སྤྱོད་གཙང་རང་གཅེས་དང་སྤྱོད་གཙང་རང་གཅུན་ཐད་མིག་དཔེ་བཏོན་ཚེ།  གཞི་ནས་ཕྲག་ཐོག་གི་འགན་འཁྲི་ལྕི་མོ་འཁུར་ཐུབ།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།