ལག་གདང་སྦྲེལ་ཏེ་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད།
2024.08.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

 ཉེ་ལམ།  གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཤེལ་དཀར་སྲང་ལམ་བཀྲ་ཤིས་དར་ཐང་སྡེ་ཁུལ་ལ་ཐོན་པ་ན། ཐོག་མར་མིག་ལམ་དུ་འཆར་ཡོང་བ་ནི་གཙང་ཞིང་གྲ་དག་པའི་སྲང་ལམ་ཡིན་ལ། གནས་འདིར་བོད་དང་རྒྱ། ཧུའེ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད། ཁོ་ཚོས་མཉམ་དུ་མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན་ངང་གནས་པའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་འབྲི་བཞིན་ཡོད།

ད་ལོར་ལོ35ཡིན་པའི་སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཚེ་རིང་ཆོས་བཟང་ནི་དོན་གྱིས་ལོ་ན་དེ་འདྲའི་ཆེ་བ་ཞིག་མིན་ནའང་། ཁོ་ནི་སྡེ་ཁུལ་འདིའི་མིང་དོན་གཉིས་མཚུངས་ཀྱི“མི་རྒན་པ”ཞིག་ཏུ་གྱུར་འདུག   2013ལོར་སྡེ་ཁུལ་འདི་བཙུགས་པ་ནས་བཟུང་། ཚེ་རིང་ཆོས་བཟང་གི་སེམས་པ་ནི་སྡེ་ཁུལ་འདིར་ཐོགས་ཡོད།

ཞོགས་པར། ཚེ་རིང་ཆོས་བཟང་དུས་རྒྱུན་དང་འདྲ་བར་སྡེ་ཁུལ་ལ་ཐོན་པ་དང་། ཁོ་རང་གཞུང་སྒྲུབ་ཁང་དུ་མ་འཛུལ་གོང་མི་ཞིག་གིས་ཁོའི་སྔུན་བཀག་བྱུང་།“ཕུ་བོ། མགྱོགས་པོར་ང་ལ་དཔང་ཡིག་ཅིག་འབྲི་རོགས། ཡར་སྔོན་ངའི་ཡུལ་གྲོགས་ཤིག་ཡུས་ཧྲུའུ་རུ་ང་ལ་བལྟ་རུ་འོང་བ་དང་། ད་ལྟ་ཁོ་རང་ཡང་གནས་འདི་རུ་ང་དང་མཉམ་དུ་འདུག་འདོད་ཡོད་ལ། མངགས་གཏོང་ཁང་གིས་གནས་སྐབས་སྡོད་གནས་ལག་ཁྱེར་ལེན་དགོས་ཟེར་བས། སྡེ་ཁུལ་ནས་ང་ལ་དཔང་ཡིག་ཅིག་འབྲི་དགོས་འདུག”གོང་གི་སྐད་ཆ་འདི་བཤད་མཁན་གྱི་མིང་ལ་སུན་ཡན་ཕེན་ཟེར་ལ། ཁོ་ནི་བཀྲ་ཤིས་དར་ཐང་སྡེ་ཁུལ་གྱི་ཅིན་ཧྥུ་ལའེ་ཟ་ཁང་གི་ཚོང་བདག་རེད།

ཚེ་རིང་ཆོས་བཟང་གིས་སུན་ཡན་ཕེན་གཞུང་སྒྲུབ་ཁང་དུ་ཁྲིད་པ་དང་།  ཅང་མ་འགོར་བར་དཔང་ཡིག་བླངས་པ་དང་། དཔང་ཡིག་བླངས་རྗེས་ཀྱི་སུན་ཡན་ཕེན་གྱི་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཁོ་ལ་བཀའ་དྲིན་ཆེ་ཞུས།

འདི་འདྲའི་དོན་དག་ཆུང་ཆུང་ལ་ཚེ་རིང་ཆོས་བཟང་ནམ་རྒྱུན་འཕྲད་ཡོང་། ཁོས་ཀྱང་ནམ་ཡིན་རུང་འཛུམ་གྱིས་ཞབས་ཞུ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱི་དཀའ་ཁག་མཐའ་དག་སེལ་ཅི་ཐུབ་བྱས་པ་རེད།

བཀྲ་ཤིས་དར་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐར་མ་གསང་བདག་གིས་བཤད་རྒྱུར། ང་ཚོའི་སྡེ་ཁུལ་དུ་ཡུལ་གཞན་ནས་ཐོན་པའི་ཚོང་བ་མང་པོ་ཡོད་ལ། ཚེ་རིང་ཆོས་བཟང་གིས་རྒྱ་སྐད་ལེགས་པོ་བཤད་ཤེས་པས། རྒྱ་རིགས་མང་ཚོགས་རྣམས་དོན་དག་ཡོད་ཚེ་ཁོ་རང་འཚོལ་བར་དགའ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ཡག་པོར་བསྒྲུབ་ཆེད། སྡེ་ཁུལ་གྱིས“སེ་འབྲུའི་ཁྱིམ་གཞིས”གསར་འཛུགས་བྱེད་པ་དམིགས་འབེན་དུ་བཟུང་སྟེ། སྡོད་དམངས་དང་སྡེ་ཁུལ་གྱི་ལས་བྱེད་མི་སྣས་གྲུབ་པའི“ཉི་འོད་དང་བླངས་པའི”ཞབས་ཞུའི་དཔུང་སྡེ་བཙུགས་པ་དང་། ཚེ་རིང་ཆོས་བཟང་འགན་འཁུར་མི་སྣར་གྱུར། ཁོ་རང་ནམ་རྒྱུན་ཁྱིམ་ཚང་དུ་སོང་སྟེ།  སྡེ་ཁུལ་ནང་གི་རིགས་སོ་སོའི་མི་དམངས་ལ“སྲིད་ཇུས་དང་ཞབས་ཞུའི་དྲོལ་ཁོལ་བསྐྱལ།

ཚེ་རིང་ཆོས་བཟང་གིས་བཤད་རྒྱུར།  སྡེ་ཁུལ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་མཚུངས་ལ། སྡོད་དམངས་ནི་རིགས་སོ་སོའི་མི་དམངས་ཀྱིས་གྲུབ་ཡོད། ང་ཚོའི་སྡེ་ཁུལ་གྱི་ལས་བྱེད་པ་ནི་ཁྱིམ་ཚང་ཆེན་པོ་འདིའི་ཁྱིམ་བདག་ལྟ་བུ་ཡིན། དོ་དམ་བྱེད་དགོས་པའི་དོན་དག་དང་བྱ་བ་ཙག་ཙིག་མང་ནའང་། ‘ཁྱིམ་མིའི’གདོང་གི་འཛུམ་མདངས་དེ་མཐོང་དུས་ང་ཚོ་ཡང་ཧ་ཅང་ཡིད་ཚིམ་པ་ཞིག་རེད།

དམངས་ཕན་སྒོ་རྩིས་ཚོང་ཁང་གི་ཚོང་བདག་ཝང་ཀའོ་ལེ་ཡིས་བཤད་རྒྱུར།“ངས་ཡུས་ཧྲུའུ་ནས་ཚོང་ལས་གཉེར་ཏེ་ལོ་ངོ10འགོར་ལ། ཚེ་རིང་ཆོས་བཟང་ངོ་ཤེས་ནས་ལོ7འགོར་ཡོད། ང་ཚོ་ནི་གྲོགས་པོ་དང་འདྲ་སྟེ་ནམ་རྒྱུན་དཀའ་ཁག་ལ་ཕྲད་ཚེ།  ཁོས་བློ་གཅིག་སེམས་གཅིག་གིས་རོགས་རམ་བྱེད་སྲིད། ནམ་རྒྱུན་ང་ཚོ་མཉམ་དུ་འཛོམས་དུས་ཁོས་ང་ཚོར་ཡུས་ཧྲུའུ་ཡོམ་འགོག་གནོད་སེལ་སྐབས་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཡོམ་འགོག་གནོད་སེལ་དང་ཁྱིམ་གཞིས་མཉམ་སྐྲུན་བྱས་པའི་གཏམ་རྒྱུད་ང་ཚོ་དང་མཉམ་སྤྱོད་བྱེད་པ་དང་། ཁོའི་ཤུགས་རྐྱེན་གྱིས་ང་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ངོས་ཤེས་ཟབ་མོ་ཐོབ་ཅིང་། ད་ལྟ་ང་ཚོ་ཡང་སྡེ་ཁུལ་གྱི་བྱ་འགུལ་ཁྲོད་ཧུར་ཐག་གིས་ཞུགས་ཏེ། སྡེ་ཁུལ་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་བ་ཡིན་ཟེར།

ཉིན་གཅིག་གི་བྱ་བ་མཇུག་རྫོགས་རྗེས། ཚེ་རིང་ཆོས་བཟང་ཕྱིར་ཁྱིམ་དུ་མ་སོང་བར་ཨན་དབྱི་ཅུས་རྩེར་སོན་སྒོ་དང་སྒེའུ་ཁུང་ཚོང་ཁང་དུ་ཡོང་བ་དང་། ལས་ཀ་ལས་བཞིན་པའི་ཏའེ་ཧུང་ཧྲན་མཐོང་རྗེས་ཚེ་རིང་ཆོས་བཟང་གིས་ཉེ་ལམ་ཅི་འདྲ་རེད། འཚོ་བའི་ཁྲོད་དཀའ་ངལ་འདྲ་ཡོད་དམ་ཞེས་དྲིས།

ཏའེ་ཧུང་ཧྲན་ནི་ད་ལོའི་ལོ་སྟོད་ལ་ཧུའུ་པེ་ཞིང་ཆེན་ནས་ཡུས་ཧྲུའུ་གྲོང་ཁྱེར་དུ་ཞོར་ལས་ལ་ཡོང་བ་ཞིག་རེད། ཁོ་ནི་རིག་གནས་ཆུ་ཚད་མཐོན་པོ་མེད་ཅིང་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པ་ཞིག་རེད། སྡེ་ཁུལ་གྱིས་གནས་ཚུལ་དེ་ཤེས་མ་ཐག་ཐོ་འགོད་བྱས་ཤིང་ཁོའི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས། ཚེ་རིང་ཆོས་བཟང་གིས་ནམ་རྒྱུན་ཏའེ་ཧུང་ཧྲན་སེམས་ལ་བཟུང་ཡོད་པ་དང་། ཁོམ་ལོང་ཡོད་དུས་རྒྱུན་པར་ཁོ་ལ་བལྟ་རུ་འགྲོ་བཞིན་ཡོད།

ཏའེ་ཧུང་ཧྲན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར།   སྡེ་ཁུལ་གྱིས་རྒྱུན་པར་ང་ལ་སེམས་ཁུར་བྱས་པར་བཀའ་དྲིན་ཆེ། ཐེངས་སྔོན་མར་བྱིན་པའི་འབྲས་ཕྱེ་དང་སྣུམ་ད་དུང་ཟས་ཚར་མེད།

སྐར་མ་གསང་བདག་གིས་བཤད་རྒྱུར། གྲངས་ཉུང་མི་རིགས་ཀྱི་ལས་གཉེར་མི་སྣར་ཐུགས་ཁུར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཕ་ཡུལ་དང་བྲལ་བའི་ཁོང་ཚོར་ཏང་གི་དྲོད་ཁོལ་ཚོར་དུ་འཇུག་ཆེད། ང་ཚོའི་སྡེ་ཁུལ་གྱིས་དུས་ངེས་མེད་དུ་འཚམས་འདྲི་དང་གྲལ་བཤེར་བྱས་ཏེ། ཕྱོགས་མང་པོའི་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་བརྩེ་སེམས་གསལ་ཐོ་བཟོས་པ་དང་། ཞིང་པ་ཞོར་ལས་པའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་འཚོ་བའི་ཁྲོད་རོགས་སྐྱོར་བྱས་པ་ཡིན། དེ་ལྟར་བྱས་ན་ལས་གཉེར་བའི་བསམ་པར་དྲོད་ཁོལ་སྦྱིན་ཐུབ་པར་མ་ཟད། སྡེ་ཁུལ་དང་སྡོད་དམངས་བར་གྱི་བར་ཐག་ཇེ་ཉེར་སོང་ནས་སྡེ་ཁུལ་གྱི་འཆམ་མཐུན་དང་བརྟན་བརླིང་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཟེར།

བཀྲ་ཤིས་དར་ཐང་སྡེ་ཁུལ་གྱིས་ད་དུང་དུས་ཆེན་གྱི་སྐབས་དང་བསྟུན་ནས། རིགས་སོ་སོའི་མང་ཚོགས་རྩ་འཛུགས་བྱས་ཏེ་མི་རིགས་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་ནས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་དར་སྤེལ་བཏང་བ་དང་། མང་ཚོགས་ཀྱི་མཐུན་སྒྲིལ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རིགས་སོ་སོའི་སྡོད་དམངས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་ཕན་འབྲས་ལྡན་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད།

ད་ལྟ་བཀྲ་ཤིས་དར་ཐང་སྡེ་ཁུལ་དུ། རིགས་སོ་སོའི་མང་ཚོགས་ནི་ཁྱིམ་ཚང་གཅིག་ལྟར་མཐུན་ཞིང་། མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འདིར་སྲུང་སྐྱོང་བྱེད་བཞིན་ཡོད། ཁོ་ཚོའི་བྱ་སྤྱོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏིང་ཟབ་པའི་ནང་དོན་ལ་འགྲེལ་བཤད་བརྒྱབ་སྟེ་མཐུན་སྒྲིལ་གྱི་མེ་ཏོག་སྔར་ལས་མཛེས་སྡུག་ལྡན་པར་བཞད་དུ་བཅུག་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།