སྟོན་མགོར་རྨ་ཆུའི་འགྲམ་ངོགས་སུ་སྟོན་ཉམས་མངོན་མེད་པར་ད་རུང་སྔོ་ལྗང་ངེར་གནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དབུལ་སྐྱོར་ཐོན་ལས་ར་བའི་ནང་གི་མཚོ་སྔོན་ཅ་ཞིན་ཤོག་ལས་ཚད་ཡོད་ཀུང་སིའི་བཟོ་གྲྭའི་ནང་དུ། འཕྲུལ་ཆས་ཀྱི་འཁོར་སྒྲ་གྲག་བཞིན་ཡོད་ལ། ལས་བཟོ་པ་རྣམས་རང་རང་གི་ལས་གནས་སྟེང་བྲེལ་འཚུབ་ཀྱིས་ལས་ཀ་ལས་བཞིན་ཡོད།
ཤོག་དྲིལ་ཐོན་སྐྱེད་ཀྱི་འཕྲུལ་ཆས་ཤིག་གི་མདུན་དུ། ཐུམ་རྒྱག་ལས་བཟོ་པ་ཚེ་གཟུངས་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་ཐུམ་སྣོད་ཀྱི་ཁ་ཕྱེ་བ་ན། འཕྲུལ་ཆས་ཀྱིས་ཐུམ་སྣོད་ནང་གྲངས་ཀ་གཏན་འཁེལ་གྱི་ཤོག་དྲིལ་བཅུག་པར་མ་ཟད་སྣོད་ཁའང་བཙེམ་སོང་། ཚེ་གཟུངས་ཀྱིས་བཤད་རྒྱུར། བྲེལ་འཚུབ་ཆེ་བའི་སྐབས་སུ་ཉིན་གཅིག་ལ་ཧ་ལམ་ཁུག་མ400འཇུག་ཐུབ། བྲེལ་བ་ཆེ་རུང་ཁྱིམ་ཚང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པས་ལུས་པོ་ཅུང་ཙམ་ངལ་ནའང་སེམས་པ་དགའ་སྤྲོས་ཁེངས་ཡོད།
བསམ་ཚུལ་འདི་ཡོད་པ་ནི་ཚེ་གཟུངས་ཁོ་ན་མིན། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་ཀླུ་རྒྱལ་ཞོལ་མ་སྡེ་བའི་གཞུང་གཉེར་ཁེ་ལས་ཡིན་པའི་ཆ་ནས། སྡེ་མི་ཕྱུག་པོར་འགྱུར་བར་སྣེ་ཁྲིད་པ་དང་སྡེ་བ་འཕེལ་རྒྱས་འབྱུང་བར་སྣེ་འདྲེན་པ་ནི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཁེ་ལས་འདི་གཉེར་བའི་ཐོག་མའི་བསམ་འདུན་ཡིན་ལ། གང་ལྟར་ཐོན་ལས་ནི་གྲོང་གསེབ་དར་སྤེལ་གྱི་རྨང་རྡོ་ཡིན།
ཀྲི་པུའུ་སྟོབས་ན་ཐོན་ལས་དར། ཡེ་ཁྲེང་ཧུའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རུ་མ་བདམས་གོང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་རྣམ་པ་འདི་འདྲ་ཞིག་གང་ནས་ཡིན། “ཁོས་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་མ་ཐག སྡེ་བ་བསྟུད་མར་ལོ་གསུམ་ལ་ནུས་མེད་ཉམས་ཞན་གྱི་ཏང་རྩ་འཛུགས་སུ་བདམས།” དེ་ནི་སྐབས་སྔོན་མའི“ཨུ་ཡོན་ལྷན་ཁང་གཉིས”ལ་མཐུན་སྒྲིལ་མེད་པས། སྡེ་བ་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་བ་ཕར་ཞོག ཏང་ཀྲི་པུའུ་ལ་གཅིག་སྒྲིལ་ནུས་ཤུགས་ཀྱང་མེད་པར་བཟོས་པ་རེད་ཅེས་ཡེ་ཁྲེང་ཧུའུ་ཡིས་དེ་ལྟར་བཤད།
ཡེ་ཁྲེང་ཧུའུ་ཡིས་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས། ཐོག་མའི་ལས་འགན་ནི་ནུས་མེད་ཉམས་ཞན་གྱི་ཏང་རྩ་འཛུགས་ཀྱི“ཞྭ་མོ”ཕུད་དེ། སྡེ་བའི་ཏང་ཀྲི་པུའུ་སྟོབས་ལྡན་དུ་གཏོང་རྒྱུའི་འཆར་གཞི་བཟོས། གང་ནས་མགོ་བརྩམས་ན་འགྲིག་གམ། སྡེ་མི་བར་གྱི་འགལ་བ་ཐག་གཅོད་རྒྱུ་ནི་གཙོ་བོ་ཡིན། དཔོན་པོ་བཟང་རུང་ཁྱིམ་ཚང་གི་དོན་དག་ཐག་གཅོད་དཀའ་ཟེར་མོད། འོན་ཀྱང་སྡེ་བའི་ནང་གི་ཁྱིམ་དོན་ཙག་ཙིག་དང་བདེན་རྫུན་གསལ་ཁ་འབྱེད་པ་ནི་སྡེ་བའི་ལས་བྱེད་པའི་ནུས་པ་ཚོད་བགམ་བྱེད་སྤྱད་ཡིན་ལ། སྡེ་མི་རྣམས་ཀྱིས་སྡེ་བའི་ལས་བྱེད་པར་ཁས་ལེན་བྱེད་སྟངས་ཆེས་ལེགས་པོའང་ཡིན་ཞེས་ཡེ་ཁྲེང་ཧུའུ་ཡིས་དེ་ལྟར་བཤད། དེའི་རྐྱེན་གྱིས་ཁོས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཏང་ཡོན་དང་ལས་བྱེད་པ་ཚོའི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་འཚམས་འདྲིར་ཕྱིན་ནས། སྡེ་དམངས་བར་གྱི་འགལ་བའི་འབྱུང་ཁུངས་རྒྱུས་ལོན་བྱས་པར་མ་ཟད། འགལ་བའི་གནད་འགག་བཙལ་ནས་རིམ་པ་བཞིན་ཐག་བཅད་པ་དང་། ཅང་མ་འགོར་བར་གྲོང་རྡལ་དུ་མ་གཏུག་ན་ཐག་གིས་མི་ཆོད་པའི་འགལ་བ་མི་ཉུང་བ་ཞིག་རེ་རེ་བཞིན་ཐག་གིས་ཆོད་སོང་། 2020ལོའི་རྗེས་སུ། སྡེ་བའི་ནང་དུ་འགལ་བ་དང་རྩོད་གཞི་གཅིག་ཀྱང་བྱུང་མ་མྱོང་ཞེས་ཡེ་ཁྲེང་ཧུའུ་ལ་སྤོབས་པས་ཁེངས་ནས་དེ་ལྟར་བཤད།
སྡེ་མི་བར་གྱི་འགལ་བ་ཐག་བཅད་པས་ཏང་ཀྲི་པུའུ་ཡི་སྙན་གྲགས་ཀྱང་རིམ་བཞིན་ཇེ་ཆེར་གྱུར། དེ་ནས་ཡེ་ཁྲེང་ཧུའུ་ཡིས་སྡེ་བ་རིམ་པའི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་མགོ་བརྩམས།
འཚོ་བ་དང་གཞུང་ལས་ཐད་བཀོལ་བའི་ཤོག་བུ་ཐོན་སྐྱེད་ཁེ་ལས་སུ་འཇུས་པ་ནི་ཡེ་ཁྲེང་ཧུའུ་ཡིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་འབྲས་བུ་རེད། ཡར་སྔོན་ངས་རྨ་ལྷོ་ཁུལ་གྱི་ཡུལ་ཁོངས་སུ་འདི་ལྟ་བུའི་ཁེ་ལས་ཤིག་མེད་པ་ཤེས་པ་དང་། ཤོག་བུ་ནི་འཛད་སྤྱོད་ཐོན་རྫས་ཡིན་པས་ལེགས་པོར་བསྒྲུབ་ཐུབ་ན་སྡེ་ཕྱུག་དམངས་ཕྱུག་གི་ཐོན་ལས་ཤིག་ཡིན་ཁོ་ཐག་རེད། ཡེ་ཁྲེང་ཧུའུ་ཡིས་བཤད་པ་ལག་ལེན་དུ་བསྟར་བ་དང་། ཁོས་ཐོག་མར་ཚན་ཁག་གི་ཁོངས་མི་དང་སྡེ་དམངས་ཀྱི་འཐུས་མི་ཁྲིད་དེ་ཧྲང་ཧའེ་སུང་ཁྲོན་བཟོ་གྲྭའི་འཐེན་ཤོག་ཐོན་སྐྱེད་བྱ་ཡུལ་དང་། A4ཤོག་བུ་ཐོན་སྐྱེད་བྱ་ཡུལ་སོགས་ཀྱི་ཁེ་ལས་སུ་སོང་ནས་རྟོག་ཞིབ་སློབ་སྦྱོང་བྱས།
གདོད་མའི་རྒྱུ་ཆ་གང་ནས་ཉོ་རྒྱུ་དང་། འཕྲུལ་ཆས་གང་ནས་ཉོ་རྒྱུ། ཕྱིར་བཙོང་ཐབས་ལམ་ཇི་ལྟར་བཏོད་རྒྱུ། བཟོ་གྲྭ་ཇི་ལྟར་དོ་དམ་བྱེད་རྒྱུ་སོགས་ཡེ་ཁྲེང་ཧུའུ་ཡིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་པས་ཞིབ་ཕྲ་མེད་པའི་དོན་དག་ཡོད་ཚད་དང་འགྲོ་ལུགས་ཚང་མ་གསལ་པོར་ངེས་ཏེ་སྡེ་བའི་ནང་དུ་ཐོན་རྗེས་བྱེ་བྲག་གི་དོན་དག་ལ་གྲོས་སྡུར་བྱས།
བྱ་བ་གང་ཡང་མགོ་རྩོམ་དཀའ་ཞེས་པ་ལྟར། དང་ཐོག་སྡེ་མི་ཉུང་ཤས་ཤིག་གིས་ཤོག་བུའི་ཐོན་རྫས་བཟོ་གྲྭ་ཕྱེ་བར་དོགས་པ་སྐྱེས། སྡེ་བ་ཞིག་གིས་ཁེ་ལས་འདི་འདྲ་ཞིག་གཉེར་ཐུབ་བམ། སྡེ་བའི་ཕ་མེས་ཡང་མེས་ཚང་མས་ས་ཞིང་བཏབ་པ་ཡིན་ལ། གློ་བུར་དུ་གཞན་ཞིག་ལས་ན་ཅི་འདྲ་ཡིན་ནམ་ཞེས་པའི་མང་ཚོགས་ཀྱི་དོགས་པ་རེ་རེར་དམིགས་ཏེ་ཡེ་ཁྲེང་ཧུའུ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་ཚོས་རྟོག་ཞིབ་བྱེད་པའི་སྐབས་སུ་མཐོང་ཐོས་དག་སུན་སྣང་མེད་པར་སྡེ་མི་རྣམས་ལ་བཤད། ཁོ་ཚོས་རྒྱུན་ཆད་མེད་པར་ཁ་ཏ་བྱས་པ་བརྒྱུད། སྡེ་མི་རྣམས་ཤོག་བུ་ཐོན་རྫས་ལས་སྣོན་བཟོ་གྲྭ་འཛུགས་རྒྱུར་འཐད་པ་བྱུང་།
2023ལོར། ཀླུ་རྒྱལ་ཞོལ་མ་སྡེ་བས་དམངས་ཕན་མ་དངུལ་དང་རྫོང་རིམ་པའི་སྡེབ་སྒྲིག་མ་དངུལ་ཁག་ཅིག་དོན་འཁྱོལ་བྱས་ཏེ། མ་དངུལ་བཏང་ནས་གཙང་ཤོག་ལས་སྣོན་གྱི་སྒྲིག་ཆས1དང་འཐེན་ཤོག་ཚན་སྒྲིག་ལས་སྣོན་གྱི་སྒྲིག་ཆས1བཙུགས་པ་དང་། 2024ལོར་ཡང་བསྐྱར་ཞིང་ཕན་མ་དངུལ་ཁག་ཅིག་དོན་འཁྱོལ་བྱས་ཏེ། A4ཤོག་བུ་ཐོན་སྐྱེད་ཀྱི་སྒྲིག་ཆས1དང་བཟའ་བཏུང་ཆེད་སྤྱོད་ཤོག་བུ་ཐོན་སྐྱེད་ཀྱི་སྒྲིག་ཆས1བཙུགས་པ་དང་། “ཀུང་སི་དང་སྡེ་དམངས། སྡེ་བ་ཐུན་མོང”བཅས་ཀྱིས་མ་རྩ་འཇོག་པའི་ཚོང་གཉེར་བྱེད་སྟངས་བརྒྱུད་ནས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཤོག་བུ་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས། དེ་ནས་བཟུང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གྱུར།
ཐོན་རྫས་ཚོང་ལམ་གྱིས་ཀུང་སིའི་འཕེལ་ཕྱོགས་ཐག་བཅད། ཀུང་སིའི་ཐོན་རྫས་ཕྱིར་འཚོང་བྱ་ཆེད། ཡེ་ཁྲེང་ཧུའུ་དངོས་སུ་ལས་ཁུངས་དང་ཚོང་ར་རེ་རེར་བརྒྱུགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཀུང་སིའི་ཐོན་རྫས་སྐུལ་འཚོང་བྱས། བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཤོག་བུ་རེ་རེའི་ནང་དུ་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱི་ཁོངས་མི་དང་སྡེ་མི་ཡོངས་ཀྱི་རེ་བ་དང་ཡིད་ཆེས་ཐིམ་ཡོད་པས། ངས་ཁོ་ཚོའི་རེ་བ་སྟོང་ཟད་དུ་གཏོང་ག་ལ་རུང”ཟེར།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད། ད་ལྟ་ཀུང་སིའི་འཕེལ་རྒྱས་རིམ་བཞིན་རྒྱུན་ལྡན་གྱི་ལམ་དུ་ཞུགས་ཡོད། “ཀུང་སི་བཙུགས་ནས་ཟླ་ངོ7གྱི་རིང་ལ། མཐའ་འཁོར་གྱི་ངལ་རྩོལ་པ་དང་དབུལ་ཐར་ཁྱིམ་ཚང་གི་མི་བཅུ་ལྷག་ལས་ཀར་ཞུགས་སུ་བཅུག་པ་དང་། མང་ཚོགས་ཀྱི་ཡོང་སྒོ་སྒོར་འབུམ་གཉིས་ཁྲི་ལྔ་ཙམ་འཕར་དུ་བཅུག་པས། ཞིང་པའི་ཡོང་འཕར་དང་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ་མངོན་འགྱུར་བྱས་ཡོད།”ཡེ་ཁྲེང་ཧུའུ་ཡིས་བཤད་རྒྱུར། ཀུང་སིས་ཉིན་རེར་ཤོག་བུ་ཏུན20ཡན་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ཐོན་རྫས་ཁག་ཅིག་གཅན་ཚ་རྫོང་གི་སྒོ་རྩིས་ཚོང་ཁང36ཏུ་ཐོན་ཡོད། གཞུང་ལས་སུ་བཀོལ་བའི་ཤོག་བུ་མི་ཉུང་བ་ཞིག་ཀྱང་ལས་ཁུངས་ཁ་ཤས་ཀྱིས་ཉོས་ཡོད་ཟེར། །
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།