
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁག་ཁུར་ཆེན་པོས་ཆགས་གཞི་གསར་བ་གཏོད་པར་སྐུལ་ལྕག་ཐེབས།
ཉིན་འདི་འགར་རང་རེའི་ཞིང་ཆེན་གྱི་ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བསྟུད་མར་སློབ་སྦྱོང་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ་རང་རེའི་རྒྱལ་ཁབ་ཀྱིས་བླངས་པའི་གྲུབ་འབྲས་གལ་ཆེན་གླེང་བར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་རྩེ་རིམ་གྲོས་ཚོགས་དང་འཐབ་ཇུས་རི་མོར་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས། ཚང་མས་གཅིག་གྱུར་སྒོས་བལྟས་ན། སྐྱོད་ལམ་གསར་བའི་སྟེང་། བློ་བརྟན་འགྱུར་མེད་ངང་བསམ་སྦྱོར་གཉིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐད་གཅིག་གྱུར་བྱས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་ཕན་ནུས་ཐོན་པར་སྐུལ་འདེད་བཏང་ནས་ཡིད་ཆེས་དང་ཆོད་སེམས་བརྟན་པོ་དང་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་བཏང་ནས་རླབས་ཆེན་གྱི་འཆར་འགོད་རི་མོ་དེ་མཛེས་སྡུག་གི་དངོས་ཡོད་དུ་འགྱུར་བྱ་དགོས།
གྲུབ་འབྲས་ངོ་མཚར་གྱིས་མི་སེམས་སྐུལ། རང་རྟོགས་སྦྱོར་བས་སྐྱོད་ལམ་གསར་བར་སྐྱོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་བཞི་བ་རྒྱལ་ཁའི་ངང་འཚོགས་པ་དེ་མ་ལག་ལྡན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འཆར་འགོད་དང་བཀོད་སྒྲིག་བྱེད་པར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་དོན་འཁྱོལ་བྱེད་རྒྱུ་ནི་ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན།
ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་རིག་གནས་ཡུལ་སྐོར་ཚན་རྩལ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་སུན་པིན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དེ་རིག་གནས་ཡུལ་སྐོར་ཚན་རྩལ་བྱ་བའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། ལྟེ་བ་གཅིག་དང་གདུབ་གཅིག སྣེ་མང་བའི་འཐབ་ཇུས་དམིགས་འབེན་རང་རྟོགས་སྒོས་མཉམ་འདྲེས་ཡོང་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་མི་དམངས་ཀྱི་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུའི་རྒྱུན་བསྐྱངས་ནས་རིག་གནས་ཡུལ་སྐོར་ཚན་རྩལ་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་དང་བཟོ་སྐྲུན་གལ་ཆེན། ལས་གཞི་གལ་ཆེན་བཅས་ལ་མ་ལག་དང་ལྡན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་། ཁུལ་ཁོངས་ཡོངས་དང་དུས་ཚིགས་ཧྲིལ་བོའི་ཡུལ་སྐོར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འགྱུར་བ་གསུམ་ལག་དུ་བསྟར་བར་བརྟེན་ནས་མཁར་བྱང་གི་ཁྱད་ལྡན་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་རོགས་འདེགས་བྱས་ནས་གསའ་སྲང་ལམ་དང་པེ་ཁྲོན་ཆིང་ཐང་མཁར་ཁམས་གསོ་ཚ་གཡོལ་གྲོང་རྡལ་དེ་སྦྲེལ་ཟམ་ལྟ་བུར་བྱས་ནས་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་ལྟེ་བ་གཅིག་འགུལ་ནུས་རྒྱུན་མཐུད་ངང་འདོན་དགོས། སྲོལ་རྒྱུན་རིག་ནུས་སུ་སྒྱུར་ནས་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་རིག་གནས་ཐོན་ཁུངས་ལ་གསོན་ཤུགས་རྒྱས་པར་བྱ་དགོས། ལས་རིགས་གསོ་སྐྱོང་བྱེད་རྒྱུ་དེ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་གི་འདེགས་སྐྱོར་དུ་བྱས་ནས་མཛད་སྤྱོད་ཁྱབ་ཁོངས་སུ་འཕར་སྣོན་འབྱུང་བ་དང་། རིག་གནས་ཡུལ་སྐོར་གྱི་མིང་བྱང་གསུམ་ལེགས་པར་བསྐྲུན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རོགས་འདེགས་བྱ་དགོས།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཐའོ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། ཧུའུ་ཀྲུའུ་རྫོང་གིས་ངལ་རྩོལ་པ་མི་ཐེངས་འབུམ་བཞི་དང་སྟོང་བཞི་ལྷག་གནས་སྤོ་བྱས་པ་དང་། ངལ་ལས་ཀྱི་ཡོང་སྒོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་གཅིག་བསྐྲུན་ལ། མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་སྟོང་བདུན་དང་ང་གསུམ་ཡོད། མི་གྲངས་ཁྲི་གཉིས་དང་སྟོང་གསུམ་བརྒྱད་བརྒྱ་ལ་རྩལ་ནུས་གསོ་སྦྱོང་བྱས་ཏེ་ནུས་པ་ཇེ་མཐོར་སོང་ཡོད། ཧུའུ་ཀྲུའུ་ཡི་ཁྱིམ་སྲིད་ཁ་ཐོར་ལས་ཀ་དེ་སྣེ་ཁྲིད་ལས་ཞུགས་བྱེད་པའི་ཞིང་ཆེན་རིམ་པའི་ངལ་ལས་ཟོང་རྟགས་སུ་གྱུར་ཡོད་ལ། རྫོང་ཁོངས་ཀྱི་དམངས་ཚིས་ལེགས་བཅོས་ལ་གསོན་ཤུགས་བསྩལ་ཡོད་པ་མ་ཟད། སྐྱོད་ལམ་གསར་པར་སྐྱོད་པའི་སེམས་ཤུགས་སྔར་ལས་གཅིག་ཏུ་སྒྲིལ་ཡོད། ཀྲང་ཐའོ་ཡིས་བཤད་རྒྱུར། སྐྱོད་ལམ་གསར་པར་འགྲེང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཆེད་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཚད་ལྡན་ལྟར་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། ཟོང་རྟགས་ཀྱི་ཁྲོམ་རའི་སྒོ་འབྱེད་པ། གཞི་གྲངས་མཐོར་འདེགས་ཀྱི་ཉམས་ལེན་བཅས་བྱས་ཏེ། ཧུའུ་ཀྲུའུ་ཡི་ཁྱིམ་སྲིད་ཀྱི་མིང་བྱང་སྔར་ལས་མིང་དུ་གྲགས་པ་དང་། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་ལེགས་སུ་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
གཞི་རིམ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འཇམ་དབྱངས་རྡོ་རྗེ་ཡིས་ལས་ཡུལ་དང་པོ་རུ་ལོ་དགུ་ལ་བརྟན་སྲུང་བྱས། ཁོས་བཤད་རྒྱུར། ང་ཚོས་ཟླ་རེར་ཉིན་ཉེར་བཞི་ལ་རི་དང་མཚེའུ་ལ་སྐོར་ཞིབ་བྱེད་ཀྱིན་ཡོད་པ་དང་། བསྐྱོད་པའི་ལམ་ཐག་སྤྱི་ལེ་འབུམ་གཅིག་དང་ཁྲི་ལྔ་ཟིན་ལ། དོ་དམ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ཐེངས་ཁྲི་གཉིས་དང་སྟོང་ལྔ་རྩ་འཛུགས་བྱས་ཏེ། སྒྲིག་འགལ་གྱིས་འཚོ་སྡོད་གནས་སུ་ཡོང་བའི་མི་བརྒྱད་བརྒྱ་རེ་དྲུག་ཕྱིར་འགྲོ་རུ་བཅུག ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་སོ་བརྒྱད་ལ་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས387བསྐྲུན་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་ལྗང་མདོག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས། ཁོས་སྣེ་ཁྲིད་འོག སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣས་སྲིད་ཇུས་སྒྲོག་འགྲེལ་དང་ཁེ་ཕན་གྱི་ཁྲིད་སྟོན་བྱས་ཏེ། འབྲོག་པའི་རང་འགུལ་སྒོས་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་དང་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱུང་། འཇམ་དབྱངས་རྡོ་རྗེ་ཡིས་བཤད་རྒྱུར། ངས་མུ་མཐུད་དུ་འགོ་ཁུངས་སྲུང་སྐྱོབ་བྱས་ཏེ། རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
བཅོས་སྒྱུར་གསར་གཏོད་མདུན་སྐྱོད་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་འགུལ་ནུས་བསྣན།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གོ་རིམ་ལྡན་པའི་འཆར་འགོད་བཀོད་སྒྲིག་བྱས་པ་དེ་ནི་འཆར་འགོད་འཕེལ་རྒྱས་བཏང་བ་ཡིན་ལ་བཅོས་སྒྱུར་གྱི་ལེའུ་གསར་པ་ཞིག་ཀྱང་ཡིན།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་མཱིན་ཧྥན་ཅུན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ལ་གནད་འགག་གི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ལས་བཏོན་པ་ལྟར།“དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བའི”ལྟེ་བའི་བླང་བྱ་གཞིར་བཟུང་ནས། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“འགན་འཁྲི་གཙོ་བོ་དང་དུ་བླངས་ནས་བྱས་རྗེས་འཇོག་པའི”བྱ་བའི་བླང་བྱ་ནན་ཏན་གྱིས་དཔེ་བསྡུར་བྱས་ཏེ།“གཙོ་གནད་གཉིས”ལ་དམིགས་པ་དང་། “ཚད་ཤིང་གཉིས”འཛུགས་སྐྱོང་། “གསལ་ཆ་གཉིས”བསྐྲུན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་པ་དང་། མཚོ་ནུབ་ཀྱི་ཐོན་ཁུངས་ཁྱད་སྟོབས་དང་ཐོན་ལས་ཀྱི་རྨང་གཞིར་དམིགས་ནས། བཟོ་ལས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕར་བར་གཙོ་གནད་དུ་དམ་འཛིན་བཟང་བོ་བྱས་ཏེ། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་མཚོ་ནུབ་ཀྱི་འཕེལ་རྒྱས་དུས་རིམ་གསར་པའི་འོག་གི་ངེས་གནས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་དང་། གནས་བརྒལ་དཔལ་འབྱོར་དེ་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚོང་འགུག་དངུལ་འདྲེན་བྱ་རྒྱུ་དེ་ཐོན་ལས་ཁྱབ་ཚུལ་ལེགས་སྒྲིག་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་དགོས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། སྔོན་ལ་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱས་ཏེ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས། ལྕགས་རིགས་ཀྱི་བཙོ་སྦྱང་སྒྲིག་ཆས་བཟོ་སྐྲུན་སོགས་སྲོལ་རྒྱུན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། མཚོ་ནུབ་ཁུལ་གྱི་ཁེ་ལས་འབྲིང་ཆུང་གཞི་གྲངས་ཅན་དུ་འགྱུར་བའི་གྲོང་ཁྱེར་གྱི་ཚོད་ལྟའི་བྱ་བ་གོ་སྐབས་སུ་བཟུང་སྟེ། མཚོ་ནུབ་ནུབ་རྒྱུད་ཀྱི་བཟོ་ལས་ཁེ་ལས་རིག་ནུས་ཅན་གྱི་བསྒྱུར་བཀོད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཁྱད་ཆོས་སུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ནུབ་ཀྱི་ལེའུ་ལ་སྐུལ་འདེད་གཏོང་ཆེད་བཟོ་ལས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་ཟེར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ནུས་ཁུངས་ཚན་ཁག་གི་ཚན་གཙོ་ཆི་ཞན་ཧོས་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་ལྷོའི་འོད་ཀྱིས་ཕྱུག་པ་དང་རྩྭ་ཆུ་འཛོམས་པ། རླུང་བཟང་བ། ས་རྒྱ་ཆེ་བ། ཚ་བའི་ཐོན་ཁུངས་ཁྱད་སྟོབས་ལ་རྐང་འཛུགས་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་དང་རྩིས་གློག་མཐུན་སྦྱོར། ལྗང་གློག་ཐད་འབྲེལ་སོགས་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་སར་དམིགས་ནས། ལྗང་མདོག་ནུས་ཁུངས་དང་གཞི་གྲངས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་གློག་ཤུགས་འདེགས་སྐྱོར་བྱེད་པའི་གཞི་གྲངས་དཔལ་འབྱོར་གྱི་ལས་རྣམ་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ཕྲེང་འབྲེལ་ཡོངས་ཀྱི་ལྗང་མདོག་གློག་ཤུགས་འཛད་སྤྱོད་སྐྱེ་ཁམས་མ་ལག་མགྱོགས་མྱུར་སྒོས་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་ལྗང་མདོག་གློག་ཤུགས་ཕྱིར་གཏོང་ཁུལ་ཆེན་པོ་བསྐྲུན་དགོས། ལྗང་མདོག་ནུས་ཁུངས་ཁྱད་སྟོབས་ལ་བརྟེན་ནས། གཞི་གྲངས་རྨང་གཞིའི་འཛུགས་སྐྲུན་དང་ནུས་ཁུངས་གསར་བརྗེ་མཐུན་སྦྱོར་གསར་གཏོད་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། གློག་ཤུགས་གཙང་སྦྲར་བརྟེན་ནས་གཞི་གྲངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། ནུས་ཁུངས་ཟད་གྲོན་བྱེད་ཚད་དང་ཐཱན་འབུད་གཏོང་གཉིས་ཇེ་དམའ་རུ་བཏང་ནས། གཞི་གྲངས་རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་ཆུ་ཚད་ཆེ་རུ་གཏོང་བ་དང་། ལྗང་མདོག་རྩིས་ནུས་ཀྱི་རྩིས་ནུས་ལྟེ་གནས་དང་རིག་ནུས་འགྲིམ་འགྲུལ་སོགས་ཀྱི་སྣང་ཚུལ་ལ་འགྲིམ་འགྲུལ་གཞི་ཁྱོན་ཆེ་བའི་བཀོལ་སྤྱོད་རྒྱ་ཆེར་གཏོང་དགོས་ཟེར།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་མི་ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར། སྡེ་སྡོད་ལས་བྱེད་རུ་མི་ཞིག་ཡིན་པའི་ཆ་ནས། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། སྲིད་ཇུས་དང་དམངས་སེམས་འབྲེལ་མཐུད་བྱེད་པ་དང་། སྤྱི་བསྒྲགས་ཁྲོད་ཀྱི་དངོས་ཕུང་དཔལ་འབྱོར་གྱི་རྩ་བའི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་པ་སོགས་ཀྱི་བཀོད་སྒྲིག་དེ་གོ་སླ་བའི་སྒོ་ནས་འགྲེལ་བཤད་བྱེད་ཅིང་། སྡེ་མི་རྣམས་ཀྱིས་གོ་བདེ་བའི་སྐད་ཆས་གསོ་སྤེལ་ཁ་གསབ་དང་གློག་རྡུལ་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་གསལ་བོར་བཤད་དེ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་ཆེས་མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཐོན་ཁུངས་དང་ཁྲོམ་ར་འབྲེལ་མཐུད་བྱས་ཏེ། མཉམ་ལས་ཁང་དང་གློག་རྡུལ་རྣམ་པ་ཟུང་འབྲེལ་ལ་གཞོགས་འདེགས་བྱེད་པ་དང་། གྲོང་རྡལ་འདི་ཉིད་ཀྱི་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞིའི་དགེ་མཚན་ལ་བརྟེན་ནས། བོད་ལུག་དང་ནོར་ནག་སོགས་ཐོན་རྫས་ཕྱི་ཕྱོགས་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་དང་ཞབས་ཞུ་འབྲེལ་མཐུད་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་འགག་གནས་སེལ་ཐབས་བྱེད་པ་དང་། ཁེ་ལས་དང་མཉམ་ལས་ཁང་གི་དགོས་མཁོའི་གསལ་ཐོ་བྲིས་ཏེ། ཚང་འཛོམས་གྲོས་ཚོགས་ལས་རིགས་མི་འདྲ་བའི་ཚོང་གཉེར་བྱེད་པོའི་གསོན་ཤུགས་ལེགས་པོར་སྐྱེད་དགོས་ཞེས་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་དགོས། ངས་རང་གི་བྱ་སྤྱོད་ལ་བརྟེན་ནས། བཅོས་སྒྱུར་གྱི་ཁེ་ཕན་གྱིས་གཞི་རིམ་དུ་རྐང་ཚུགས་པར་བྱེད་པ་དང་། གྲོང་རྡལ་ཁྱབ་ཁོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་ཆེད་ལང་ཚོའི་སྟོབས་ཤུགས་སྣོན་རྒྱུ་ཡིན་ཟེར།
སེམས་འདུན་ཟབ་མོས་དམངས་ཚིས་ཕན་བདེ་བསྐྲུན།
བདེ་སྐྱིད་འཚོ་བའི་འཛུམ་མདངས་ལྷུག་པོར་གྲོལ།།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན་ལ། དེ་ནི་སྐས་རིམ་རྣམ་པའི་རིམ་འཕེལ་དང་རྒྱུན་མཐུད་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། འབད་བརྩོན་ལྷོད་མེད་དང་རྒྱུན་མཐུད་འབད་འཐབ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་པ་དེ་ནི་ང་ཚོ་བདེ་སྐྱིད་སྡེ་བའི་བདེ་སྐྱིད་ཀྱི་ཕྱོགས་སྟོན་མ་ཡིན་ནམ་ཞེས་རང་ཁྱིམ་གྱི་སྒོ་རའི་ནང་ལངས་ཡོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་སྡེ་མི་སངས་རྒྱས་སྒྲོལ་མའི་སྐད་ཆའི་ཁྲོད་སྤྲོ་སྣང་གིས་ཁེངས་འདུག སངས་རྒྱས་སྒྲོལ་མས་སྡེ་བའི་འགྲམ་དུ་རིམ་སྤོར་བྱེད་བཞིན་པའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བསྟན་ཏེ་བདེ་སྐྱིད་སྡེ་བས་སྲིད་ཇུས་བཟང་བོར་བརྟེན་ནས་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་སྔར་ལས་ཚད་ལྡན་སྒོས་འཛུགས་སྐྲུན་བྱེད་རྩིས་ཡོད་ལ། བོད་ལུགས་ལག་ཤེས་བཟོ་རྩལ་ཉམས་ཞིབ་ཁང་གསར་དུ་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡང་ཡོད་ཅེས་ངོ་སྤྲོད་བྱས། ཁོ་མོས་བཤད་རྒྱུར། ངས་ཀྱང་ལག་ཤེས་བཟོ་རྩལ་ཞིག་སློབ་སྦྱོང་བྱེད་འདོད་ཡོད། དེ་ལྟར་བྱས་ན་རྗེས་ཕྱོགས་མཛེས་ལྗོངས་ཁུལ་དུ་ལས་ཚོགས་བྱས་ཆོག་པར་མ་ཟད། ཁྱིམ་ཚང་གི་ཡོང་སྒོ་ཁ་སྣོན་བྱེད་ཐུབ་ལ། འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ངེས་ཡིན་ཟེར།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། དམངས་ཚིས་འགན་སྲུང་བརྟན་ཞིང་མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད། དེའི་ཐད་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གཞི་རིམ་མང་ཚོགས་ལ་མྱོང་ཚོར་ཟབ་མོ་ཡོད། རྨ་ནུབ་སྲང་ལམ་པའེ་ཅའོ་གཞིས་ཁུལ་གྱི་ཉི་མ་འཚོའི་ཨ་མ་ཐང་ཚའོ་ཧྭ་ལ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་དྲན་པ་ཉམས་ནས་ཁྱིམ་ཚང་དཀའ་ཁག་ཆེན་པོར་འཕྲད་ཡོད་པའི་སྐབས་སུ་གཞིས་ཁུལ་གྱིས་དུས་ལྟར་བྲེལ་མྱུར་རོགས་སྐྱོར་མ་དངུལ་སྒོར་ཁྲི་གཉིས་ལྷག་བྱིན་པར་མ་ཟད། ནད་བྱུང་ཡོད་པའི་ཕུ་བོ་ཡང་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག ཚང་འཛོམས་གྲོས་ཚོགས་ལས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་སྲིད་གཞུང་གི་རོགས་སྐྱོབ་ནི་ཆེས་ལེགས་པའི་མངོན་སྟངས་ཡིན་ཞེས་བཏོན་ཡོད། གཞིས་ཁུལ་གྱིས་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱས་ཏེ་ང་ཚོར་སྲིད་ཇུས་ཀྱི་དྲོད་ཁོལ་ཚོར་དུ་བཅུག་ཅེས་ཉི་མ་འཚོ་ཡིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་འཇིགས་མེད་བསྟན་འཛིན་གྱིས་བཤད་རྒྱུར། སྲང་ལམ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་ཡིན་པའི་ཆ་ནས། ངས་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་འདུ་ཤེས་གསར་པ་དང་བླང་བྱ་གསར་པ། བཀོད་སྒྲིག་གསར་པ་བཅས་སྲང་ལམ་གྱི་བྱེ་བྲག་གི་བྱ་བ་སོ་སོའི་ཁྲོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པར་སྔར་ལས་ཤུགས་སྣོན་པ། སེམས་ཞིབ་མོ་དང་བརྩེ་བ་རྣལ་མས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ། ཕན་ནུས་མཐོ་བའི་བཅོས་སྐྱོང་མངོན་འགྱུར་བྱེད་པ། ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་གི་བྱ་བའི་ཕན་འབྲས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་གཞི་རིམ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མི་ཕམ་མགོན་པོ་དང་ཤ་བོ་རིན་མཚོ། ལྷ་མོ་འཚོ། ལྷ་མོ་ཚེ་རིང་བཅས་ཀྱིས་བསྒྱུར།