
ཟླ11པའི་ཚེས6ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་བྱ་བའི་སྙན་ཞུར་གསན་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་དགོས་པ་ནན་གྱིས་བསྟན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་རྩ་བའི་གཞི་འཛིན་ས་བྱས་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་ཡིན་པ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཡིན། འགྱུར་མེད་ཀྱི་འཐབ་ཇུས་དམིགས་འབེན་ལ་ཁ་ཕྱོགས་ཏེ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས།
ཧའེ་ནན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆེ་ཧྲའོ་ལིས་ཀྱིས་བཤད་རྒྱུར། གླིང་ཕྲན་ཡོངས་སྒོ་རྒྱག་གྲབས་ཡོད་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ང་ཚོས“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པར་མ་ཟད། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས་པ་དང་། “ཁུལ་གསུམ་དང་ལྟེ་གནས་གཅིག”གི་འཐབ་ཇུས་གཏན་གནས་ལ་དམ་པོར་དམིགས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཧའེ་ནན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་དགོས།
ད་ལོའི་ཟླ12པའི་ཚེས18ཉིན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གླིང་ཕྲན་ཡོངས་དངོས་སུ་སྒོ་རྒྱག་རྒྱུ་རེད། སྒོ་མ་བརྒྱབ་སྔོན་དུ་གྲ་སྒྲིག་བྱ་བ་ལྡོག་རྩིས་བྱེད་པའི་དུས་སུ་སླེབས། སྒོ་ཁྲལ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁེ་ལས300རྩ་འཛུགས་སྒོས་ཚོད་ལྟའི་སྦྱོང་བརྡར་ནང་ཞུགས་ཏེ། དབྱང་ཕུའུ་གྲུ་ཁའི་ཏུན་འབུམ་གཉིས་རིམ་པའི་མཚོ་གྲུ་འཇོག་ས་གཉིས་པ་སྤྱོད་འགོ་བརྩམས།
ཧའེ་ནན་གྲུ་ཁའི་མཁའ་འགྲུལ་རྒྱལ་སྤྱིའི་ལས་དོན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བཀོལ་སྤྱོད་ལྟེ་གནས་ཀྱི་སྤྱི་གཉེར་པ་གཞོན་པ་ཏུའུ་ཁྲེང་ཚའེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ། རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱ་བ་མུ་མཐུད་དུ་བསྒྲུབ་དགོས་པར་མ་ཟད། ད་ཡོད་ཀྱི་ཕྱི་ནང་ཉོ་ཚོང་གི་མཁའ་ལམ58ཀྱི་རྨང་གཞིའི་ཐོག་མུ་མཐུད་དུ་རྒྱ་བསྐྱེད་དགོས། ཧའེ་ནན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་དང་རྒྱལ་སྤྱིའི་ཚོང་ཟོག་ནང་འདྲེན་བྱེད་པར་ཕན་ནུས་མཐོ་བའི་ཟོང་འགྲུལ་བགྲོད་ལམ་བསྐྲུན་དགོས།
ཧེ་ཁུའུ་སྒོ་ཁྲལ་ལས་ཁུངས་ཀྱི་འགོ་གཙོ་ཀའོ་རུའེ་ཧྥིན་གྱིས་བཤད་རྒྱུར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དང་འཚམ་པའི་སྒོ་ཁྲལ་ལས་ཁུངས་ལྟ་ཞིབ་དོ་དམ་མ་ལག་རྩེ་གྲ་ཧུར་ཐག་གིས་བསྐྲུན་པའི་དུས་མཚུངས་སུ་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ལེགས་པོ་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཧའེ་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྒྲིག་འཛུགས་བྱེད་པར་རམ་འདེགས་བྱ་རྒྱུ་དེ་ཡིན། ཐོན་ལས་རིམ་སྤོར་ནས་ས་ཁོངས་མཐུན་སྦྱོར་དང་། སྐྱེ་ཁམས་འཛུགས་སྐྱོང་ནས་དམངས་འཚོའི་བདེ་སྐྱིད་སོགས་ཁྱབ་ཁོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྤྱི་ཡོངས་ལ་སྤྱི་འདོམས་དང་རེ་རེ་བཞིན་བཀོད་སྒྲིག་གནང་ཡོད།
སཱན་ཡཱ་ཡཱ་ཀྲོའུ་མཚོ་ཁུག་ཚན་རྩལ་མཁར་གྲོང་དོ་དམ་ཅུའུ་ཐོན་ལས་སྐུལ་སྤེལ་པུའུ་ཡི་འགན་ཁུར་པ་ཧི་ཆིང་སུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད། ང་ཚོས་མཚོ་གཏིང་སྒྲིག་ཆས་དང་འཚོལ་ཞིབ་ཚད་ལེན། མཚོ་གཏིང་གཏེར་རྫས་དང་སྣུམ་རླངས་རྩད་ཞིབ་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཚན་རིག་ཞིབ་འཇུག་གཅིག་ཏུ་བསྡུས་པའི་དགེ་མཚན་འདོན་སྤེལ་དང་། སྐྱེ་ཁམས་གསར་གཏོད་འཐུས་ཚང་དུ་བཏང་སྟེ། “རྒྱ་མཚོར་ཁ་ཕྱོགས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི”སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་དགོས།
ཧའེ་ནན་ཞིང་ཆེན་ནགས་ལས་ཅུའུ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲོའུ་རོན་པང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་མ་ཟད། རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་འཛུགས་སྐྲུན་དང་དོ་དམ་བྱེད་པར་གཅིག་འདོམས་སྒོས་སྐུལ་འདེད་བཏང་། མ་ལག་བརྒྱུད་དེ་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོར་མུ་མཐུད་དུ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ས་ཁུལ་བསྐྲུན་པར་བྱས་རྗེས་འཇོག་དགོས་པར་མ་ཟད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཧེ་ཁུའུ་ཅང་ཏུང་ཁུལ་གསར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཞིན་ཕིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་རང་མོས་ཉོ་ཚོང་གྲུ་ཁའི་གཙོ་གནད་ཁུལ་འཛུགས་སྐྲུན་ནང་ཞུགས་པའི་ལས་བྱེད་མང་ཚོགས་ཀྱི་སྤོབས་སེམས་འཕེལ་བར་བྱས། ང་ཚོས་སྲིད་དོན་ཞབས་ཞུ་དང་ལམ་ལུགས་གསར་གཏོད། རྒྱུ་རྐྱེན་གཙོ་བོ་འགན་སྲུང་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ཏེ། ངེས་པ་དོན་གྱིས་ཁེ་ལས་དང་འཇོན་མིའི་ཐོབ་སྣང་། ཡིད་ཚིམ་ཚད་སོགས་མཐོ་རུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཧའེ་ནན་ལ་གནང་བའི་འཆར་འགོད་ལེགས་པོ་དེ་གསོན་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་འགྱུར་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་ཧུར་ཐག་གིས་འབྲི་དགོས།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སིའི་སི་ཀྲང་ཝུའུ་ཧྲོ་ལིན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་རྐང་ཚུགས་ཏེ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་ཡིས་ཡུའུ་ཀང་ཨའོ་མཚོ་ཁུག་ཆེན་མོ་དང་མཉམ་དུ་མཉམ་འགུལ་འཕེལ་རྒྱས་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱས་ནས། པེ་ཅིན་དང་ཐེན་ཅིན། ཧི་པེ། འབྲི་ཆུའི་ཟུར་གསུམ་གླིང་སོགས་ས་ཁོངས་བར་གྱི་མཉམ་ལས་ཟབ་སྤེལ་བཏང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་སྐུལ་འདེད་གཏོང་དགོས།