ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་ཁ་བ་ཆེན་པོ་ཞིག་བབས་པས། མཐའ་འཁོར་གྱི་ས་གཞི་ཡོངས་རྫོགས་གོས་དཀར་གྱི་ན་བཟའ་བཀླུབས་པའི་ཞིང་ཁམས་ཤིག་ཏུ་གྱུར་འདུག
ཁྱི་འབྲི་ཞང་ནི་དགའ་བདེ་རྫོང་གི་བྱང་ཕྱོགས་སུ་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་བཞི་བཅུ་ལྷག་ཡོད། ཞང་དེ་རི་ཁུལ་ལུང་ཀྱོག་ཏུ་གནས་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་མུས་བཞི་སྟོང་ལྔ་བརྒྱ་ཡོད་པས། དགའ་བདེ་རྫོང་གི་མཚོ་ངོས་ལས་ཆེས་མཐོ་བའི་ཞང་ཞིག་རེད།
ཁྱི་འབྲི་ཞང་གི་འཕྲོད་བསྟེན་ཁང་ནི་ཞང་སྲིད་གཞུང་གནས་སའི་ཡུལ་དེའི་གཞུང་ལམ་འགྲམ་གྱི་ཁང་བ་ཟ་ངེ་ཟིང་ངེ་མང་པོའི་བར་དུ་ཆགས་ཡོད། ང་ཚོ་འདམ་རྫབ་ཀྱིས་ཁེངས་པའི་ལམ་བུ་ཕྲ་མོ་ཞིག་བརྒྱུད་དེ་ཞང་འཕྲོད་བསྟེན་ཁང་དུ་སོང་བ་ན། ཡོན་ཀྲང་སྟག་བཟང་ཐར་དང་འཕྲད་བྱུང་། ཁོ་ནི་ལོ་ན་བཞི་བཅུར་སོན་མ་ཐག་པའི་ཕོ་རྒོད་ཅིག་ཡིན་ཞིང་། ཁོའི་བཞིན་རས་ནག་ཅིང་ལུས་ཉམས་རྒྱས་པོ་འདུག 1995ལོར་ཁོ་རང་མགོ་ལོག་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ད་རག་བར་དུ་གནས་འདི་རུ་བྱ་བ་གཉེར་བ་དང་། ལོ་ཟླ་སྐད་ཅིག་ཙམ་ལ་ཕར་འདས་པས་ཁོས་བྱ་གཉེར་ཏེ་ལོ་ཉི་ཤུ་འགོར།
གློ་བུར་དུ་ཁ་བ་བབས་པས་གནས་གཤིས་ཇེ་འཁྱགས་སུ་སོང་བ་དང