རང་གཞན་ཚང་མ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་འཛོམས་རྒྱུ་ནི་མི་ཚང་མའི་བསམ་བློ་རྨ་མེད་པ་ཞིག་རེད་པས། ངེས་བར་དུ་ནད་པས་སྨན་བསྟེན་པ་བཞིན་སྡུག་བསྔལ་གྱི་ནད་ཞི་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་བསྟེན་དགོས་པ་དང་། བདེ་སྐྱིད་སྒྲུབ་པའི་རྒྱུ་ཚོགས་གསར་བའི་འབྲས་སྨིན་པར་བྱེད དགོས། མིའི་རང་བཞིན་དང་བསམ་བློ། ཁོར་ཡུག གོམས་གཤིས། འགྱུར་ལྡོག་མི་འདྲ་བའི་གཞི་ནི་སེམས་ཡིན་པ་དང་། སེམས་ནི་ལུས་ཕུང་ལ་བརྟེན་པ་ཡིན་པས་བདེ་བ་ལ་སེམས་ཀྱི་བདེ་བ་དང་ལུས་ཀྱི་བདེ་བ་གཉིས་མ་གཏོགས་མེད། དེས་ན་ཡན་ལག་ལྔ་ལྡན་གྱི་ལུས་ཕུང་ལ་ཆག་འཇིག་དང་དབང་བོར་གནོད་སྐྱོན་མེད་པ་དང་། ནད་སོགས་ཀྱིས་གདུངས་པ་མེད་པར་བདེ་ཐང་ཡིན་རྒྱུ་འདི་སེམས་ལ་བདེ་དགའ་ལོངས་སྤྱོད་འཛོམ་པའི་གཞི་ཡིན་པ་དང་། དེ་ལས་ཀྱང་གཙོ་ཆེ་བ་ནི་ནང་སེམས་ཀྱི་ངོ་བོ་ངེས་ཟིན་པར་བྱས་ནས་དགའ་སྡུག་གི་དབྱེ་བ་ཇི་ལྟར་བྱུང་བའི་ཚོར་སྣང་དེ་ཤེས་དགོས། དེ་མི་ཤེས་ན་དེང་རབས་སྤྱི་ཚོགས་སྟེང་མི་ཚང་མ་དོན་དུ་བདེ་སྐྱིད་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་དང་། རང་ཉིད་ཇི་ལྟར་འཚོ་བའི་ཕྱོགས་ལ་མགོ་རྨོངས་ནས་འདུག་པ། མི་ཞིག་ལ་བདེ་སྐྱིད་ལྡན་མི་ལྡན་ནི་གཙོ་བོ་ནང་སེམས་ཀྱི་ངོས་ན་དགའ་སྤྲོ་དཔག་མེད་ཀྱི་རྣམ་པ་ཡོད་མེད་ལ་ཟེར་བ་ལས། ཕྱིའི་དངོས་བོའི་