ཉེ་ལམ། ང་ཚོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ལམ་ལ་ཆས་ཏེ་དུས་ཚོད་དྲུག་གི་རིང་སྤྱི་ལེ་སུམ་བརྒྱ་བརྒྱད་ཅུ་ལྷག་གི་ལམ་ཐག་བརྒྱུད་མཐར། རྨ་ཆེན་གངས་རིའི་འདབས་སུ་ཆགས་པའི་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གནས་ཆེན་སྡེ་བར་ཐོན་བྱུང་།
གནས་ཆེན་སྡེ་བའི་འགྱུར་ལྡོག་གླེང་བ་ན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕག་མོ་བཀྲ་ཤིས་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་སྟེ། མཛེས་པའི་ཡུལ་གྲོང་གི་ལས་གཞི་ལག་བསྟར་མ་བྱས་གོང་དུ། ཡུལ་མི་རྣམས་ཐབས་ཆག་ཡིན་ལ་གུ་དོག་པའི་ས་ཁང་དུ་བསྡད་ཡོད་པས། དགུན་ཁར་གྲང་ངར་ཧ་ཅང་ཆེ་ལ། ལམ་ཡང་ས་ལམ་ཡིན་པས་ཁངས་ཆར་འབབ་དུས་ཧ་ཅང་མི་བདེ་བར་སྣང་། ལམ་འགྲམ་གཉིས་སུ་གློག་སྒྲོན་མེད་པས་མཚན་མོར་ཡུལ་མི་རྣམས་ཕྱིར་འགྲོ་ཐབས་མེད།
མིག་མདུན་གྱི་གྲལ་དུ་བསྟར་བའི་ཐོག་ཁང་རེ་རེ་དང་སྲ་ཞིང་གྲལ་དག་པའི་སྲང་ལམ། འདུ་འཛི་ཆེ་ཞིང་ཕུན་སུམ་ཚོགས་པའི་མི་རིགས་ཉོ་ཚོང་ཁྲོམ་ར། ལམ་འགྲམ་གཉིས་སུ་གྲལ་དུ་བསྟར་བའི་ཉི་ནུས་གློག་སྒྲོན། ཁོད་ཡངས་བའི་རིག་གནས་ཐང་ཆེན་སོགས་ལ་ལྟ་བཞིན། ང་ཚོ་རང་དབང་མེད་པར་གནས་ཆེན་སྡེ་བའི་འགྱུར་ལྡོག་ཆེན་པོར་ཡིད་འགུལ་ཐེབས་བྱུང་།
“འདི་ཚང་མ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བའི་རྐྱེན་ཡིན། ད་ལྟ་ཆུ་དང་གློག་ཡོད་པར་མ་ཟད། ད་དུང་སོ་ཕག་གིས་ལས་པའི་ཁང་བ་དྲོན་པོའི་ནང་འདུག་ཐུབ་བྱུང་། ཁྱིམ་ཚང་རེ་རེས་བརྙན་འཕྲིན་ལ་ལྟ་ཐུབ་ཅིང་། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་གྱུར་དང་འགྱུར་བཞིན་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུས་པ་ཡིན”ཞེས་ཕག་མོ་བཀྲ་ཤིས་ཀྱིས་བཤད་པའི་སྐད་ཆ་དེས་ཡུལ་མི་ཚོའི་སེམས་གཏམ་མཚོན་ཡོད།
གནས་ཆེན་སྡེ་བ་ནི་རྨ་ཆེན་གངས་རིའི་འདབས་སུ་ཆགས་ཡོད་ལ། བོད་རིགས་འདུས་སྡོད་དང་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བའི་ཁོངས་སུ་ཕྱུགས་ལས་ཐོན་སྐྱེད་མཉམ་ལས་ཁང་གསུམ་ཡོད། སྡེ་བ་ཧྲིལ་བོར་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་སོ་གཉིས་དང་མི་གྲངས་དྲུག་བརྒྱ་དོན་ལྔ་ཡོད་ཅིང་། སྡེ་བ་ཡོངས་ལ་རྩྭ་ར་མུའུ་འབུམ་དྲུག་དང་ཁྲི་བརྒྱད་སྟོང་བརྒྱད་ལྷག་ཡོད་པ་རེད།
“2014ལོར། ང་ཚོའི་སྡེ་བས་མཛེས་སྡུག་གི་ཞིང་གྲོང་འཛུགས་སྐྲུན་གྱི་ལས་གཞིའི་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་གཉིས་ཁྲི་བརྒྱད་ལྷག་སྤྱད་དེ། སྤྱི་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་ཕན་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱས་ཤིང་། བསྡོམས་པས་བྱ་དགའ་རང་བཞིན་གྱི་སྡོད་ཁང་དང་ཉེན་ཁང་བསྒྱུར་བཀོད་བྱས་པའི་ཁང་བ་བརྒྱ་དང་བཅོ་བརྒྱད་དང་། མུས་གྲུ་བཞི་མ་དྲུག་ཅུ་ཅན་གྱི་ཤེལ་བཏུམ་ཅན་གྱི་སོ་ཕག་ཁང་བ་བདུན། སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་གཉིས་བཅས་དང་། བགྲོད་ལམ་སྤྱི་ལེ་གཅིག་ཙམ་སྲ་འགྱུར་བྱས་ལ། དེའི་ནང་སྲང་ལམ་ཡག་བསྒྱུར་ལས་གཞི་དང་། ར་སྐོར། རྒྱ་སྒོ། ཁང་ཀླད་ཆུ་འགོག་ཐག་གཅོད། སྤྱོད་ཁང་བཅས་ཀྱི་འཛུགས་སྐྲུན་དང་ཞིག་གསོའི་ལས་གཞི་སོགས་འདུས། ད་ལྟ་སྡེ་བའི་རྣམ་པ་ཡོངས་སུ་འགྱུར་ཡོད”ཅེས་ཕག་མོ་བཀྲ་ཤིས་ཀྱིས་དེ་ལྟར་བཤད།
མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་ལས་གཞི་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་བསྟུན་ནས། གནས་ཆེན་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་ལས་ལེགས་བཅོས་བྱས་པ་དང་། སྡེ་མི་རྣམས་ཀྱི་སྒོ་ཁ་ནས་སྡོད་ཁང་གསར་བ་ལས་པ་དང་ཕྱུག་པོར་བསྒྱུར་བའི་རེ་འདུན་མངོན་འགྱུར་བྱུང་།
“སྔོན་ཆད་ང་ཚོ་སྡོད་པའི་ཁང་བ་ཤིན་ཏུ་རྙིང་བ་ཡིན་ལ། གནམ་གཤིས་ཇེ་འཁྱག་ཏུ་སོང་རྗེས་གྲང་ངར་ཧ་ཅང་ཆེ། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས། ང་ཚོར་ཁང་བ་གསར་བ་ལས་པར་མ་ཟད། དྲོད་རླངས་ཀྱང་བཏང་ཡོད་པས། དྲོད་ལྡན་ཞིང་སེམས་སུ་སྐྱིད་ཀྱིས་ཁེངས་ཡོད། འདི་ལྟ་བུའི་འཚོ་བ་ལེགས་པོར་རོལ་ཐུབ་པ་ནི་སྔོན་ཆད་ཡིད་ལའང་དྲན་མ་ཕོད”ཅེས་བྱ་དགའ་རང་བཞིན་གྱི་སྡོད་ཁང་དུ་བསྡད་ཟིན་པའི་འབྲོག་པ་ལྷ་སྐྱབས་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།
མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། གནས་ཆེན་སྡེ་བ་རུ་ཆུ་དང་གློག ལམ། འཕྲིན་སྐྱེལ། རྒྱང་སྒྲོག་བརྙན་འཕྲིན། སྦྲག་སྲིད། དངུལ་རྩ། མཛེས་སྡུག་གི་ཁོར་ཡུག་བཅས“ཞིང་སྡེར་སྐྱེལ་བ་བརྒྱད”ཀྱི་དམིགས་འབེན་རིམ་གྱིས་མངོན་འགྱུར་བྱེད་བཞིན་ཡོད། གནས་ཆེན་སྡེ་བར་མཛེས་པའི་འགྱུར་ལྡོག་འབྱུང་བཞིན་ཡོད་པས། མང་ཚོགས་ཀྱི་འཚོ་བའང་ཉིན་རེ་བཞིན་ཡིད་ཆེས་ཀྱིས་ཁེངས་ཡོད།
ད་ལྟའི་གནས་ཆེན་སྡེ་བ་ནི་ཡུལ་ལྗོངས་མཛེས་ཤིང་ཁྱིམ་གཞིས་འཆམ་མཐུན་ལྡན་པ་ཞིག་རེད། མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱས་པ་དེས། མི་རྣམས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་བར་མ་ཟད། ད་དུང་སྡེ་མི་རེ་རེར་སེམས་གཏིང་ནས་བདེ་སྐྱིད་ཀྱི་འཚོ་བ་ཅི་དགར་མྱོང་དུ་བཅུག
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།