མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་ཞང་གི་ཧྲི་ཧྥུའུ་ལིན་གྱིས་གནས་སྐོར་པ་ཆེས་མང་པོའི་དུས་ཚིགས་སུ་མ་སླེབས་སྔོན། རང་ཁྱིམ་དུ་ཁྱིམ་ཚང་མགྲོན་ཁང་ལས་ཏེ། མལ་ཁྲི་གཅིག་ལ་སྒོར་དྲུག་ཅུའི་ཚད་གཞི་ལྟར། ཉིན་རེར་སྒོར་སྟོང་གཉིས་ཀྱི་ཡོང་སྒོ་ལེན་ཐུབ། མི་རབས་ནས་མི་རབས་ལ་ཞིང་ལས་གཉེར་བཞིན་པའི་ཞིང་བ་ཞིག་ལ་མཚོན་ན། རང་ཉིད་ཀྱི་འཚོ་བ་གསར་བ་གསར་དུ་འཆར་འགོད་བྱས་པ་དང་། “གནས་སྐོར་བ་ཆེས་མང་པོའི་དུས་སྐབས་ཡལ་རྗེས། ངས་ཁང་བ་ཉིས་རྩེག་ཅན་ཞིག་ལས་ནས་ན་གཞོན་མགྲོན་ཁང་འབྱེད་རྒྱུ་ཡིན་པ་དང་། ཕྱི་རུ་ཇ་མའི་ལས་ཀ་སྦྱངས་བཞིན་པའི་བུ་ཕྱིར་ཡོང་ན་ཟ་ཁང་འབྱེད་རྒྱུ་ཡིན་ཟེར།”
མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གནས་སྐོར་བ་མང་བ་དང་ཉེ་འགྲམ་དུ་འགྲན་བསྡུར་བྱ་འགུལ་སྣ་ཚོགས་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། གནས་སྐོར་ཐོན་ལས་དེ་རིམ་བཞིན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐོན་ལས་གལ་ཆེན་དུ་གྱུར་ཡོད། འདས་ཟིན་པའི་ལོ་གཅིག་གི་རིང་ལ། གུང་ཧོ་རྫོང་གིས་རིག་གནས་དང་ལུས་རྩལ། འོད་ཧྥུ། ལུས་ཟུངས་གསོ་བ། ཚོང་རྫས། ཆ་འཕྲིན་སོགས་ཐོན་ལས་ཆེན་པོ་དྲུག་མཉམ་བསྲེས་འཕེལ་རྒྱས་བྱས་ཏེ། གནས་སྐོར་ཐོན་ལས་སྣ་མང་ཅན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གནས་སྐོར་ཐོན་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་ཇེ་མཐོར་གཏོང་བ། རྫོང་ཁོངས་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱས་ཏེ་ཕྱུག་བསྒྱུར་གྱི་ལམ་དུ་བསྙེགས་པའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།
ཉེ་བའི་ལོ་འགའི་རིང་ལ། གུང་ཧོ་རྫོང་གིས་ཧུར་ཐག་གིས“ར་བ་གཅིག་དང་མཚོ་གཉིས་གྲོང་རྡལ་གསུམ”བཅས་འཛུགས་སྐྲུན་བྱས་ཏེ་གནས་སྐོར་ལས་རིགས་འཕེལ་རྒྱས་བྱས་པ་དང་། ནུས་ཤུགས་ཡོད་དགུས་ཉི་ཟླ་རི་བོ་དང་རིག་སྨོན་གཞུང་། མཚོ་སྔོན་པོ། ཤྭ་ལ་རྩྭ་ཐང་། ཆབ་ཆ། ཚ་རྔ་འགག་བཅས་མིང་གྲགས་ཆེ་བའི་གནས་སྐོར་ར་བ་ལེགས་བཟོ་བྱས། མཚོ་གཉིས་ནི་མཚོ་སྔོན་པོ་དང་ཚ་རྔ་མཚོ་ཡིན། མཚོ་སྔོན་པོའི་མཐའ་སྐོར་དུ་རིག་སྨོན་གཞུང་མཐོ་སྒང་བོད་མཁར་དང་པོ་དང་། རྨོག་རུ་སྡེ་གསར་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲང་ལམ་དང་པོ། ལྷོ་རི་མཛེས་ལྗོངས་ལ་ལྟ་ས་སོགས་ཀྱི་མཛེས་ལྗོངས་གནས་དང་། ཚ་རྔ་འགག་ཆུ་མཛོད་ཀྱི་ཧྲི་ལོན་ལྗོངས་ཁུལ། ལྕགས་རྟའི་རིགས་རྩེད་སའི་སྤྱི་གླིང་གཙོ་བོ། རྨ་ཆུའི་ཆུ་བེད་ཀྱི་སྤྱི་གླིང་གཙོ་བོ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱས། གྲོང་རྡལ་གསུམ་ནི་ཆབ་ཆ་གྲོང་རྡལ་དང་ཚ་རྔ་འགག་གྲོང་རྡལ། རིག་སྨོན་གཞུང་གྲོང་རྡལ་བཅས་ཡིན། ནུས་ཤུགས་ཡོད་དགུས་ཆབ་ཆ་གྲོང་རྡལ་དེ་མཚོ་བོད་མཐོ་སྒང་གི་རིག་གནས་གནས་སྐོར་གྱི་གྲོང་རྡལ་གྲགས་ཅན་དང་། ཡུལ་སྲོལ་གོམས་འདྲིས་ཀྱི་གྲོང་རྡལ་གྲགས་ཅན་དུ་ལེགས་བཟོ་བྱེད་དགོས་པ་དང་། ཚ་རྔ་འགག་གྲོང་རྡལ་ནས་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་སྤྲོ་གསེང་ཁུལ་འཛུགས་སྐྲུན་བྱེད་པ། རིག་སྨོན་གཞུང་གྲོང་རྡལ་ནས་མཐོ་སྒང་གི་བོད་མཁར་ཐོག་མ་བཅས་འཛུགས་སྐྲུན་བྱེད་རྒྱུ་རེད།
མིག་སྔར་གུང་ཧོ་རྫོང་དུ་ཀ་རིམ་པ་གཉིས་ཅན་གྱི་གནས་སྐོར་བྱེད་ས་གཅིག་དང་། ཀ་རིམ་པ་གསུམ་ཅན་གྱི་གནས་སྐོར་བྱེད་ས་གཉིས། མགྲོན་ཁང་དང་ཟ་ཁང་བརྒྱ་དང་ཉེར་དགུ། ལས་ཞུགས་མི་སྣ་བདུན་བརྒྱ་གྱ་བཞི་ཡོད། གནས་སྐོར་ཚོང་རྫས་གཉེར་བའི་ཁེ་ལས་ལྔ་དང་། ལས་ཞུགས་མི་སྣ་ཉིས་བརྒྱ་གོ་གཅིག་ཡོད། ཞིང་བའི་སྤྲོ་ཁྱིམ་ཁང་ཞེ་བདུན་དང་འབྲོག་པའི་སྤྲོ་ཁྱིམ་ཁང་གྱ་དགུ། ལས་ཞུགས་མི་སྣ་དྲུག་བརྒྱ་དོན་བཞི་ཡོད། གནས་སྐོར་ཐོན་ཁུངས་དེ་དག་ལ་བརྟེན་ནས། གུང་ཧོ་རྫོང་གིས་ཧུར་ཐག་སྒོས་མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་དང་། ཆབ་ཆའི་ཡུལ་སྲོལ་གོམས་འདྲིས་ཀྱི་གྲོང་རྡལ་གྲགས་ཅན། ཚ་རྔ་འགག་གི་མཛེས་ལྗོངས་ས་ཁུལ་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བྱས་ཏེ། ནུས་ཤུགས་ཡོད་དགུས་མཚོ་སྐོར་ཞིང་སྡེའི་གནས་སྐོར་རིམ་པ་འཕར་བ་དང་། ཚ་རྔ་འགག་ཆུ་མཛོད་ས་ཁུལ་གྱི་གུང་ཧོ་རྨ་འགྲམ་ལུས་རྩལ་རིམ་པ་འཕར་བར་བྱས་ཏེ། སེམས་ཞིབ་མོས་ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས་དང་། མཚོ་སྔོན་པོའི་ལྕམ་སྲིང་མཚོ“བར་སྣང་ཚ་རྔ་འགག”སོགས་འཐུས་ཚབ་རང་བཞིན་ལྡན་ཞིང་། གྲག་འགུལ་ཆེ་བ། འགུག་ཤུགས་ཆེ་བའི་གནས་སྐོར་ཚོང་རྟགས་ལ་འཆར་འགོད་བྱས་ནས། གུང་ཧོ་རྫོང་གི་གནས་སྐོར་གྱི་ཞིང་ཆེན་ཕྱི་ནང་གི་མཚན་སྙན་དང་འགུག་ཤུགས་ཇེ་མཐོར་གཏོང་དགོས།
གུང་ཧོ་རྫོང་གིས་གནས་སྐོར་མཛེས་ལྗོངས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་ཆབས་ཅིག རྒྱ་བཟའ་ཀོང་ཇོ་བོད་དུ་གདན་འདྲེན་ཞུ་བ། གནའ་བོའི་ཇ་རྟའི་ཚོང་ལམ། ནུབ་ཕྱོགས་འཕགས་མོའི་རྟོགས་བརྗོད། བོད་ལུགས་ཀྱི་གཉེན་སྟོན། བོད་ཀྱི་ཟློས་གར་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ཀྱི་འཁྲབ་སྟོན་སྐོར་ཞིག་བཀོད་སྒྲིག་བྱས་པ་དང་། གནས་སྐོར་འཕེལ་རྒྱས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་རེད། མདའ་འཕེན་པ་དང་རྟ་རྒྱུག གཡག་རྒྱུག གླང་ཆེན་ས་གཤག བྱེ་ཐང་ནས་བྱེས་བགྲོད་རླངས་འཁོར་དང་འཕྲུལ་རྟ་འགྲན་བསྡུར་བྱེད་པ་སོགས་ཀྱི་ལས་གཞི་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ནུས་ཤུགས་ཡོད་དགུས་རིག་གནས་དང་ལུས་རྩལ། གནས་སྐོར་བཅས་གཞི་གཅིག་ཡིན་པ་རོལ་མྱོང་བྱེད་ས་ལེགས་བཟོ་བྱེད་བཞིན་ཡོད། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ཚོང་རྫས་ཤུགས་ཆེན་པོས་གསར་སྤེལ་བྱས་ཏེ། ཁྱད་ལྡན་གནས་སྐོར་གྱི་ཐོན་རྫས་གྲགས་ཅན་གསར་སྐྲུན་བྱེད་པར་བརྩོན་དགོས།
སྲིད་གཞུང་གིས་གནས་སྐོར་ལས་རིགས་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་རྗེས། འཆར་གཞི་ཡོད་པའི་འབྲོག་པ་འཇིགས་མེད་རྣམ་རྒྱལ་གྱིས་མཚོ་སྔོན་པོའི་འགྲམ་གྱི་རང་གི་རྩྭ་ས་ས་གནས་ཀྱི་སྡེ་མི་ལ་བོགས་མར་བཏང་། ཁོ་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྦྲ་གུར་ཕུབ་པ་དང་སོག་གུར་སོགས་ཕུབ་ནས་གནས་སྐོར་བ་སྣེ་ལེན་བྱེད་བཞིན་ཡོད།
“སྲིད་གཞུང་གིས་གར་སྟེགས་སྐྲུན་པ་དང་མང་ཚོགས་ཀྱིས་གླུ་གར་འཁྲབ་པའི”བསམ་གཞིགས་ལྟར། གུང་ཧོ་རྫོང་གིས་རྒྱུན་ཆད་མེད་པར་གནས་སྐོར་མཁར་གྲོང་འཛུགས་སྐྲུན་བྱས་ཏེ། རིག་སྨོན་གཞུང་དང་ཅང་ཤེས་ཁུག རྟ་ནག་མ། སྤྲེལ་ནག་སོགས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གཙོ་བོ་དང་མཚོ་སྔོན་པོའི་མཐའ་སྐོར་གྱི་ཆེས་བཟང་བའི་གྲོང་རྡལ་ཆུང་བའི་ཁྱབ་ཁོངས་གཙོ་བོའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་རྒྱུར་བརྩོན་ལེན་བྱས་ནས། ཧུར་ཐག་གིས་རོང་འབྲོག་མང་ཚོགས་ལ་རོགས་རམ་བྱས་ཏེ། ཆུ། གློག ལམ་གསུམ་འཐེན་པ་དང་། ཆུ་དང་སྤྱོད་ཁང་། ཐབ་ཚང་། མཛེས་བཟོ་སོགས་བཟོ་སྐྲུན་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་མཛེས་ལྗོངས་ས་ཁུལ་གྱི་གཞི་ཁྱོན་རིམ་པ་དང་གནས་སྐོར་སྣེ་ལེན་ནུས་པ་མཐོར་འདེགས་སུ་གཏོང་དགོས།
རྟ་ནག་མ་ཞང་ནས་རོང་འབྲོག་པའི་སྤྲོ་ཁྱིམ་ཁང་བསྒྲུབ་བཞིན་པའི་སྦྱིན་བདག་ཚེ་རིང་དོན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོའི་མགྲོན་ཁང་ལ་རས་གུར་བརྒྱ་ལྷག་ཡོད་པ་དང་། ནང་དུ་ཚད་ལྡན་དང་སྤྱིར་བཏང་གི་ཁང་བ་ཡོད་ལ། སོ་སོར་སྒོར་བརྒྱ་རེད། གནས་སྐོར་པ་ཆེས་མང་པོའི་སྐབས་སུ། ཁོ་ཚང་གི་མགྲོན་ཁང་ལ་གནས་སྐོར་པ་མང་པོས་དགའ་བསུ་བྱེད་བཞིན་ཡོད་ལ། སྔ་མོ་ནས་མངག་ཉོ་བྱས་ཡོད་པས། དབྱར་གཅིག་ལ་ཡོང་སྒོ་རྐྱང་བ་སྒོར་འབུམ་གསུམ་ནས་འབུམ་བཞི་ལ་སླེབས་ཡོད།
གསར་འགོད་པས་གུང་ཧོ་རྫོང་གནས་སྐོར་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། གུང་ཧོ་རྫོང་གིས་མུ་མཐུད་དུ“ར་བ་གཅིག་དང་མཚོ་གཉིས་གྲོང་རྡལ་གསུམ”འཕེལ་རྒྱས་ཀྱི་བསམ་གཞིགས་ལྟར། ཧུར་ཐག་གིས་རྒྱལ་ཁབ་ཀྱི་ལས་གཞི་བརྩོན་ལེན་དང་དམངས་ཁྲོད་ཀྱི་མ་དངུལ་གཏོང་བའི་འབྲེལ་ལམ་ལ་སྣེ་ཁྲིད་བྱས་ཏེ། ནུས་ཤུགས་ཡོད་དགུས་མ་དངུལ་གཏོང་ས་མང་པོ་བཙལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཚོང་འགུག་དངུལ་འདྲེན་གྱི་ནུས་ཤུགས་ཇེ་ཆེར་བཏང་སྟེ། སྤོབས་པ་ཆེན་པོས་ཐོན་ཁུངས་མ་དངུལ་དུ་བསྒྱུར་བ་དང་། བདག་དབང་མ་དངུལ་དུ་བསྒྱུར་བ། ཁེ་སྤོགས་དབང་ཆ་མ་དངུལ་དུ་བསྒྱུར་བ་བཅས་དངུལ་གསོག་གི་སྣ་མང་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། དངུལ་གཏོང་ཚོགས་པ་མི་འདྲ་བ་དང་དངུལ་གཏོང་རྣམ་པ་མི་འདྲ་བའི་གནས་སྐོར་ཕྱོགས་བསྡུས་གསར་སྤེལ་གྱི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ནས། དངུལ་གཏོང་ཚོགས་ཁག་སྣ་མང་ཅན་དང་དངུལ་གསོག་ཐབས་ལམ་སྤྱི་ཚོགས་ཅན། དངུལ་གཏོང་རྣམ་པ་སྣ་མང་ཅན་བཅས་ཀྱི་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་སུ་འཇུག་དགོས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། རྫོང་ཡོངས་སུ་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བཅུ་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ཐོག་ཁང་ཆེན་པོ་ལྔ་དང་གནས་སྐོར་ལས་རིགས་དོན་གཅིག་གསར་སྤེལ་དང་། སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།
ལོ་ཙཱ་བ། ཤ་བོ་རིན་མཚོ།