མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་གཉིས་པ་ཉེ་སྔོན་ཁུ་ཉི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ནེ་ལོ་པུའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་སྤྱི་ཁྱབ་པུའུ་ནས་བསྡུས། ཉིན་དེར་ཁྱབ་སྒྲོགས་བྱས་པའི“བདེ་ཐང་གི་སའི་གོ་ལ་དང་བདེ་ཐང་གི་མིའི་རིགས”ཞེས་པའི་སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་སུ་ཚེ་འདས་མི་གྲངས་ཀྱི་བཞི་ཆའི་གཅིག་ནི་ཁོར་ཡུག་གི་གནད་དོན་དང་འབྲེལ་བ་ཡོད་པས། ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ནི་མིའི་རིགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཁ་ཚ་དགོས་དགོས་གཏུག་གི་ལས་འགན་ཞིག་ཡིན།
ཁོར་ཡུག་ཇེ་རྩོག་ཏུ་སོང་བ་ལས་ལོ་གཅིག་གི་རིང་ལ་མི་ཁྲི་སྟོང་མང་བོ་ཚེ་ལས་འདས་བཞིན་ཡོད།
“བདེ་ཐང་གི་སའི་གོ་ལ་དང་བདེ་ཐང་གི་མིའི་རིགས”ཞེས་པའི་སྙན་ཞུའི་གྲངས་ཀ་ལས། ཉིས་སྟོང་བཅུ་གཉིས་ལོར་ཕལ་ཆེར་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དྲུག་ཁོར་ཡུག་བཙོག་བཟོས་དབང་གིས་ཚེ་ལས་འདས་བས། འཛམ་གླིང་ཡོངས་ཀྱི་ཚེ་འདས་མི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་ལ། ལོ་རེར་ཁོར་ཡུག་བཙོག་འགྱུར་གྱི་དབང་གིས་ལོ་ན་གཞོན་དུས་ཚེ་ལས་འདས་པའི་གྲངས་དེ་ཆགས་འཇིག་གི་རྐྱེན་ངན་ལས་ཚེ་ལས་འདས་པའི་གྲངས་ཀའི་ལྡབ་ཉིས་བརྒྱ་དང་སོ་བཞིའི་མང་བ་རེད། མཁའ་དབུགས་བཙོག་འགྱུར་དང་ནམ་ཟླའི་འགྱུར་ལྡོག རྫས་འགྱུར་དངོས་རྫས་ཕྱིར་མངོན་པ། འཐུང་ཆུ་བཙོག་འགྱུར་བཅས་ནི་ཁོར་ཡུག་ལས་གྲུབ་པའི་མིའི་རིགས་ཚེ་འདས་ཀྱི་རྒྱུ་རྐྱེན་གཙོ་བོར་གྲུབ་ཡོད།
སྙན་ཞུ་ལས་ལོ་རེར་འཛམ་གླིང་གི་ས་ཁུལ་སོ་སོ་རུ་མི་ས་ཡ་བདུན་མཁའ་དབུགས་བཙོག་འགྱུར་ལས་ཚེ་ལས་འདས་བཞིན་ཡོད་པ་དང་། དེའི་ནང་གི་མི་ས་ཡ་བཞི་དང་འབུམ་གསུམ་ཚེ་ལས་འདས་རྐྱེན་ནི་ཁང་བའི་ནང་རོལ་གྱི་མཁའ་དབུགས་བཙོག་འགྱུར་དང་འབྲེལ་བ་ཡོད་པ་་ཡིན། ལོ་རེར་ཕལ་ཆེར་མི་འབུམ་གཅིག་ལྷག་རྡོ་རྒྱུས་དུག་ཕོག་ནས་ཚེ་ལས་འདས། 2010ལོར་ཕལ་ཆེར་མི་འབུམ་དྲུག་དང་ཁྲི་ལྔ་ལྷག་ཧ་ཡང་གི་དུག་ཕོག་ནས་ཚེ་ལས་འདས། སྙན་ཞུ་ལས་ད་རུང་བསྟན་དོན། 1995ལོར«མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས»ཀྱི་་ཆིངས་ཡིག་ཐེངས་དང་པོ་འཇོག་སྐབས་ཀྱི་གྲོས་ཚོགས་བསྡུས་པ་ནས་བཟུང་། མི་འབུམ་དྲུག་དང་སྟོང་དྲུག་ནམ་ཟླའི་གནོད་འཚེ་ལས་གར་སོང་མི་ཤེས་ལ། ལོ་རེར་ད་རུང་མི་འབུམ་བརྒྱད་དང་ཁྲི་བཞི་སྟོང་གཉིས་ཆུ་བཙོག་འགྱུར་གྱིས་བཤལ་ནད་བྱུང་ནས་ཚེ་ལས་འདས།
སྙན་ཞུ་ལས་ད་རུང་བཀོད་དོན། ཨེ་ཤ་ཡའི་ཤར་ལྷོ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་དུ་ཚེ་ལས་འདས་པའི་མི་གྲངས་ཁྲོད། ཁོར་ཡུག་གནད་དོན་ཀྱི་དབང་གིས་མིའི་རིགས་ཚེ་ལས་འདས་པའི་གྲངས་ཀ་དེ་རྒྱུ་རྐྱེན་གཞན་པའི་ཚེ་འདས་ཀྱི་གྲངས་ཀ་ལས་མཐོ་ལ། དེ་སོ་སོར་བརྒྱ་ཆའི་ཉེར་བརྒྱད་དང་བརྒྱ་ཆའི་ཉེར་བདུན་ཟིན་ཡོད། བསྡུར་ཚད་འདི་ནི་ས་ཧ་ལ་ནས་ཧྥེ་གླིང་ལྷོ་མ་ས་ཁུལ་དང་ཏིས་ཀྲུང་ཧའེ་རྒྱ་མཚོའི་ཤར་ཕྱོགས་ས་ཁུལ་བར་སོ་སོར་བརྒྱ་ཆའི་ཉེར་གསུམ་དང་བརྒྱ་ཆའི་ཉེར་གཉིས་ཟིན་ཞིང་། མེ་གླིང་དང་ཨོ་གླིང་ས་ཁུལ་གྱི་བསྡུར་ཚད་ལས་ཅུང་དམའ་བ་རེད།
མིའི་རིགས་ཀྱི་འཕེལ་རྒྱས་དེ་ཁོར་ཡུག་གི་འགྲན་རྩོད་དྲག་པོར་ཐུག་ཡོད།
ནུས་ཡོད་སྒོས་ཁོར་ཡུག་བཙོག་འགྱུར་ལ་ཁ་གཏད་མཇལ་བ་དང་ཁོར་ཡུག་གི་འཇིགས་སྣང་ཞི་འཇགས་སུ་གཏོང་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ཧྥེ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ། ལ་ཏིང་མེ་གླིང་། ཅ་ལི་པིས་ས་ཁུལ་སོགས་འཛམ་གླིང་གི་མངའ་ཁོངས་ཆེན་པོ་དྲུག་ནས་ཁོར་ཡུག་ཚད་འཇལ་བྱས་པས། འཛམ་གླིང་ཡོངས་སུ་ཡོངས་ཁྱབ་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་ས་གཤིས་བྱེ་ཐང་དུ་འགྱུར་བ། ས་ཞིང་ཞན་འགྱུར། ཆུའི་ཐོན་ཁུངས་དཀོན་པ་སོགས་ཀྱི་གནད་དོན་གནས་ཡོད། གོང་གི་སྒྲིག་གཞི་དེས་འདོན་སྤྲོད་བྱས་པའི་གྲངས་ཀ་ལྟར་ན། 1990ལོ་ནས་བཟུང་། འཛམ་གླིང་ཡོངས་སུ་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་ཚད་བརྒྱ་ཆའི་ལྔ་བཅུར་ཉེ་བ་ཙམ་གྱིས་ཇེ་མང་དུ་སོང་བ་ལས། འཛམ་གླིང་གི་ནགས་ཚལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་ཇེ་ཉུང་དུ་སོང་བས། ཧྥེ་གླིང་ལྷོ་མོའི་རྒྱལ་ཁོངས་ཀྱི་རྒྱ་ཁྱོན་ལས་བརྒལ།
དྲོད་ཁང་གི་རླངས་གཟུགས་ཕྱིར་གཏོང་བའམ་ནགས་ཚལ་གྱི་ཁེབས་ཚད་ཇེ་དམར་སོང་བ་ལས། 1880ལོ་ནས་2012ལོའི་བར་འཛམ་གླིང་ཡོངས་ཀྱི་རྒྱ་མཚོ་དང་སྐམ་སའི་ངོས་སུ་ཆ་སྙོམས་ཀྱི་དྲོད་ཚད་དེ་དྲོད་གྲངས་0.85ཡིས་ཇེ་མཐོར་སོང་ཡོད། དྲོད་གྲངས་ཇེ་མཐོར་སོང་བ་ལས་སའི་གོ་ལ་ཐན་སྐམ་དང་ས་རྒོད་ཐང་སྟོང་དུ་འགྱུར་བཞིན་ཡོད་པས། འཛམ་གླིང་ཡོངས་སུ་དུས་ཚོད་སྐར་ཆ་རེར་ཞིང་ས་ཀུང་ཆིན་ཉེར་གསུམ་གྱིས་གྱོང་གུན་ཐེབས་ལ། འཛམ་གླིང་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་བཞི་བཅུ་ལ་ཆུའི་ཐོན་ཁུངས་མེད་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཧྲི་ཐེ་ན་ཡིས་བཤད་རྒྱུར། སའི་གོ་ལའི་སྐྱེ་ཁམས་ཐོན་ཁུངས་ཀྱི་ཟད་གྲོན་དང་མིའི་རིགས་ཀྱི་བཙོག་བཟོས་ཤུལ་རྗེས་ཇེ་མང་དུ་སོང་བ་ལས། ང་ཚོའི་བདེ་ཐང་དང་བདེ་སྐྱིད་ཐད་ཀྱི་འཁན་འཁྲི་ཉིན་རེ་བཞིན་ཇེ་ལྗིད་ཡིན་ཟེར།
ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ནི་ཡོལ་ཐབས་མེད་པ་ཞིག་ཡིན།
ཁོར་ཡུག་གི་གནད་དོན་ཚབས་ཆེན་ལ་དམིགས་ནས། ཧྲི་ཐེ་ན་ཡིས་རྒྱལ་ཁབ་སོ་སོས་བྱ་འགུལ་སྤེལ་ཏེ་མིའི་རིགས་འཚོ་སྡོད་བྱས་ཡོད་པའི་ས་གོ་ལའི་ཁོར་ཡུག་ལ་སྲུང་སྐྱོང་བཟང་བོ་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཨ་ཆིས་མུའུ.ཧྲི་ཐེ་ན་ཡིས་ད་རུང་ཁོར་ཡུག་ལེགས་བཅོས་ཐད་ནས་མུ་མཐུད་དུ་ཡར་ཐོན་ཡོང་བ་བྱས་ན། ང་ཚོས་ད་གཟོད་རང་ཉིད་ཀྱི་བདེ་སྐྱིད་ལ་སྲུང་སྐྱོང་བྱེད་ཐུབ་ཅིང་། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཚོགས་ཆེན་ནས་ཀྱང་ཐབས་བརྒྱ་ཇུས་སྟོང་སྒོས་ཁོར་ཡུག་ནི་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་གཞི་རྩར་འཇོག་རྒྱུ་མ་གཏོགས། གནོད་བྱེད་ཀྱི་རལ་གྲི་རུ་འགྱུར་མི་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་དབུ་བཞུགས་ཚན་རིག་པ་མའེ་ཀི་ལེ་ཏིས་ཀྱང་རྒྱལ་ཁབ་སོ་སོས་མྱུར་དུ་བྱ་སྤྱོད་སྤེལ་ཏེ་ཁོར་ཡུག་གནད་དོན་ལས་བཟོས་པའི་མི་རྣམས་ཀྱི་འཇིགས་སྣང་མེད་པར་གཏོང་བར་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བཏང་།
བདེ་ཐང་གི་སའི་གོ་ལ་བསྐྲུན་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ནས་མི་རྣམས་ཀྱིས་འཚོ་བ་དང་བྱ་བའི་ཁྲོད་དུ་གནོད་པ་ཡོད་པའི་དངོས་པོས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དང་མེད་པར་བཏང་ནས། ཡང་བསྐྱར་སྤྱོད་ཆོག་པའི་ནུས་ཁུངས་བཀོད་སྤྱོད་བྱས་ནས་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་ཚད་ཇེ་ཉུང་དང་མེད་པར་གཏོང་དགོས་པ་དང་། འཚོ་བའི་རྣམ་པ་སྒྱུར་བཅོས་བྱས་ཏེ་དགོས་ངེས་ཀྱི་དཔལ་འབྱོར་བྱ་འགུལ་ཁྲོད་དུའང་ཐོན་ཁུངས་ཀྱི་ཟད་གྲོན་དང་ཆུད་ཟོས་སུ་འགྲོ་བ། བཙོག་བཟོ་བཅས་ཀྱིས་ཁོར་ཡུག་ལ་གཏོར་བརླག་བཟོ་བ་ཇེ་ཉུང་དུ་གཏོང་བ་དར་སྤེལ་བྱ་དགོས།
སྙན་ཞུ་ལས་ད་རུང་ལྷད་མེད་པའི་ཐོན་སྐྱེད་དང་འཚོ་བ་རོལ་བའི་རྣམ་པ་སྤྱད་དེ་མིའི་རིགས་ལ་ཡུན་རིང་གི་ཁེ་ཕན་འབྱུང་བར་བྱ་དགོས་ཞེས་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་སྙན་ཞུ་ལས། རིམ་བཞིན་མཁོ་མེད་དངོས་པོ་མང་པོ་ མེད་པར་བཏང་ནས། 2030ལོའི་བར་དུ་ལོ་རེར་དྲི་ངན་དབྱང་རླུང་བང་རིམ་ལས་བྱུང་པའི་པགས་པའི་འབྲས་སྐྲན་ས་ཡ་གཉིས་དང་ལིང་ཏོག་གི་ནད་པ་ཁྲི་ཕྲག་མང་པོ་སླར་གསོ་དང་མི་འབྱུང་བར་བྱ་རྒྱུ་དང་། འཛམ་གླིང་ཡོངས་ནས་རླངས་སྣུམ་ལས་གྲུབ་པའི་ཞ་ཉེ་མེད་པར་བཏང་ན་ལོ་རེར་མི་ས་ཡ་གཅིག་སྔ་མོ་ནས་ཚེ་ལས་འདས་པའི་རྒྱུ་རྐྱེན་མི་འབྱུང་དང་། གལ་ཏེ་སྐྱེ་ལྡན་དངོས་པོ་དང་རྫས་འགྱུར། རྡོ་སྣུམ་རྒྱུ་ཆ་སོགས་ཀྱི་འབར་རྫས་དང་ཡུན་ཐུང་ཙམ་གྱི་བཙོག་བཟོ་དངོས་བོ་སོགས་ཇེ་ཉུང་དུ་བཏང་ན། 2030ལོར་ཐོན་དུས་ལོ་རེར་མི་ས་ཡ་གཅིག་དང་འབུམ་བཞི་མཁའ་དབུགས་བཙོག་བཟོ་ཡིས་ཚེ་ལས་འདས་པ་མེད་པར་གཏོང་ཐུབ་ངེས་ཡིན་ཞེས་བསྟན་ཡོད།
ལོ་ཙཱ་བ། བསོད་ནམས་ལྷ་མོ།