ཉེ་ལམ་གསར་འགོད་པ་ཆུ་དམར་ལེབ་རྫོང་མཁར་གྱི་གནས་ཡུལ་གཡུ་སྐེ་གྲོང་རྡལ་ཀོ་ཆེན་སྡེ་བར་སོང་བ་ན། སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་དཀོན་མཆོག་ནི་གནས་དེར་མིང་དུ་གྲགས་པའི་ཕྱུག་བསྒྱུར་འཇོན་མི་ཡིན་པར་མ་ཟད། ཏང་འཛུགས་ལ་བརྟེན་ནས་དབུལ་ཕོངས་འབྲོག་པའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱེད་མཁན་གྱི་མིག་དཔེ་ཞིག་ཀྱང་ཡིན་པའི་གནས་ཚུལ་ཐོས།
2015ལོའི་ཟླ་བརྒྱད་པར། ཁོས་རང་ཁྱིམ་གྱིས་གསོས་པའི་ནོར་བརྒྱ་དང་ཉེར་བརྒྱད་དང་རང་གིས་མ་དངུལ་བཏང་ནས་ཉོས་པའི་ལུག་སྟོང་གཅིག་དང་བརྒྱ་ཚང་མ་མ་རྐང་དུ་བཞག་སྟེ། སྡེ་བའི་དབུལ་ཕོངས་འབྲོག་ཁྱིམ་བཅོ་བརྒྱད་ཀྱི་སྣེ་ཁྲིད་དེ་ཁྱིམ་འབྲེལ་ཚོང་གཉེར་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་གསོ་སྤེལ་རྟེན་གཞི་བཙུགས། མཉམ་ལས་ཁང་བཙུགས་པ་དང་རྩྭ་སར་མཉམ་བསྲེས་དོ་དམ་བྱེད་པ། ཕྱུགས་སྤྱིལ་ཁང་བ་ལས་པ། ཕྱུགས་ལས་ཐོན་རྫས་ཐོག་མར་ལས་སྣོན་བྱེད་པ་སོགས་ཀྱི་ཐད་ནས་དཀོན་མཆོག་གིས་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་ལྟར་འབྲོག་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རོགས་རམ་བྱས་པ་དང་། ཕྱོགས་བཞིར་འབྲེལ་གཏུག་དང་ལས་གཞི་བརྩོན་ལེན་བྱས། མཉམ་ལས་ཁང་ལ་ཐོག་མའི་གཞི་ཁྱོན་ཆགས་པ་དང་ཐོན་སྐྱེད་ཕན་འབྲས་ཐོབ་པས། དཀོན་མཆོག་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོ་རང་ཉིད་སྐྱོད་ཀྱིན་པའི་ལམ་འདི་ནོར་མེད་པར་ཡིད་ཆེས་ཆེན་པོ་སྐྱེས།
གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་དབང་རྒྱལ་གྱིས་ཀྱང་དེ་བཞིན་དུ་ཏང་ཡོན་ལས་བྱེད་པ་ཧུར་བརྩོན་གྱིས་རྩ་འཛུགས་བྱས་ནས། སྡེ་བ་ཡོངས་ཀྱི་དབུལ་ཁྱིམ་སུམ་བརྒྱ་ལྔ་ལ“གཅིག་གིས་གཅིག”ལ་རོགས་རམ་བྱས་ཏེ། དབུལ་ཕོངས་མི་གྲངས་དགུ་བརྒྱ་ཙམ་དབུལ་ཕོངས་ལས་ཐར་ཐབས་བྱས།
རོགས་སྐྱོར་གྱི་མགོ་བརྩམས་མ་ཐག་དབུལ་ཐར་དམིགས་འབེན་གྱི་འགན་འཁྲི་ཡི་གེ་བཞག་ནས། འབྲོག་པ་མང་ཚོགས་དབུལ་ཐར་མ་བྱུང་ན་རོགས་སྐྱོར་མི་སྣ་ཕྱིར་མི་འཐེན་པ་དང་། དབུལ་སྐྱོར་བྱ་བ་རྒྱུན་ཆད་མེད་པར་བྱེད་རྒྱུའི་ཐག་བཅད། མིག་སྔའི་བར་སྡེ་བ་ཡོངས་སུ་དབུལ་སྐྱོར་ཕྱུགས་ར་གསུམ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལྔ། ད་དུང་གོང་མོ་གསོ་སྤེལ་རྟེན་གཞི་གཅིག་བཅས་བཙུགས་ཡོད།
དབུལ་ཐར་འགག་སྒྲོལ་བྱ་བ་ད་ལྟའི་བར་དུ་སྤེལ་བ་བརྒྱུད་དེ། ཤུལ་དུ་ལུས་ཡོད་པ་ནི་ཐག་གཅོད་བྱེད་དཀའ་བའི་གནད་དོན་དག་ཡིན་པས། ཆུ་དམར་ལེབ་རྫོང་ཡང་དེ་ལས་མ་འདས་མོད། འོན་ཀྱང་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་ནང་དུ་འདྲེན་དགོས་པ་དེ་རེད། དེ་གཉིས་ཟུང་དུ་སྦྲེལ་ནས་ཐབས་ལམ་མང་པོ་ནས་དབུལ་ཐར་བྱ་དགོས།
2015ལོའི་ཟླ་བཅུ་པར།རྫོང་དབུལ་སྐྱོར་གསར་གཏོད་ཅུས་ཀྱིས་རྩ་འཛུགས་དང་གདན་འདྲེན་ཞུས་པ་ལྟར། སི་ཁྲོན་མའེ་ཧྲན་གྱི་སྐྲ་བཞར་པ་ལིའུ་པེན་ཁྱོ་ཤུག་གཉིས་ཆུ་དམར་ལེབ་རྫོང་གི་ལས་ཞུགས་གསོ་སྦྱོང་རྟེན་གཞིར་ཡོང་བ་དང་། ཁྱོ་ཤུག་གཉིས་ཀའི་ལས་འགན་ནི་ས་གནས་དེའི་འབྲོག་པའི་བུ་ཕྲུག་སུམ་ཅུ་ལ་སྐྲ་བཞར་ལག་རྩལ་གསོ་སྦྱོང་བྱས་ཏེ། འོས་འཚམ་གྱི་ཡོང་འབབ་ཞིག་འཐོབ་ཏུ་འཇུག་རྒྱུ་དེ་རེད། གཡུ་དགེ་ཞང་ནས་ཡོང་བའི་ཚེ་དབང་རྡོ་རྗེ་དང་ཏེ་ཞ་གཉིས་གནས་དེ་རུ་གསོ་སྦྱོང་ནང་ཞུགས་ཀྱིན་ཡོད། ཟླ་གསུམ་ཙམ་ལས་འགོར་མེད་རུང་། སློབ་མ་བརྒྱ་དང་ཉེར་བདུན་གྱི་ནང་ནས་ཁོ་གཉིས་གཟེངས་སུ་ཐོན་ཡོད་ལ། རྒྱུགས་འཕྲོད་རྗེས། ཁོ་གཉིས་ཀྱིས་མཉམ་དུ་སྐྲ་བཞར་ཁང་ཞིག་གཉེར་རྩིས་ཡོད།
ཆུ་དམར་ལེབ་རྫོང་གི་ཁམས་མདོ་ནོར་རྩེ་བོད་རིགས་བཟོ་རྩལ་ཚད་ཡོད་ཀུང་ཟིར་ཕྱིན་པ་ན། རྒྱང་རིང་ནས་ཏིང་སྒྲ་དང་ཁྲོག་སྒྲ་ཐོས། ཐག་ཉེ་སར་སོང་ནས་བལྟས་པ་ན། བཟོ་རྩལ་པས་བཟོས་པའི་སྤུས་ལེགས་ངོ་མཚར་གྱི་སྐེད་རགས་དང་རལ་གྲི་རེ་རེ་མཐོང་བྱུང་། ལོ་བཅོ་བརྒྱད་ཡིན་པའི་རྣམ་རྒྱལ་ནི་དེའི་ནང་གི་སློབ་མ་ཞིག་རེད། ཁོ་རང་དང་ཐོག་ཡོང་དུས་གནས་དེར་མི་ལོབས་མོད། འོན་ཀྱང་ད་ལྟ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད། གནས་ཚུལ་དྲིས་ཏེ་ཤེས་རྗེས་ཀུང་ཟིས་ཁོར་སྒོར་སྟོང་གསུམ་གྱི་ཟླ་ཕོགས་སྟེར་བཞིན་འདུག མངག་ཉོ་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས། རྣམ་རྒྱལ་གྱི་བཟོ་རྩལ་ལས་ཀ་ཇེ་མང་དུ་སོང་ཡོད་ལ། དགེ་རྒན་རྣམས་ཀྱིས་ཀྱང་རང་གི་ལག་རྩལ་ཡོད་ཚད་རྣམ་རྒྱལ་ལ་ཁྲིད་ཀྱིན་ཡོད།
དེའི་མི་ཚད་རྫོང་དབུལ་སྐྱོར་སྡེ་ཁག་གིས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གཡོས་སྦྱོར་དང་འཕྲུལ་རྟ་ཞིག་གསོ། འཚེམ་བཟོ། མི་རིགས་གྱོན་ཆས་ལས་སྣོན་སོགས་དངོས་སྤྱོད་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་། ཆེད་ལས་ལག་རྩལ་མི་སྣ་གདན་དྲངས་ནས་གཅིག་གིས་གཅིག་ལ་རོགས་རམ་དང་ནུས་རྩལ་གསོ་སྦྱོང་བྱེད་ཀྱིན་ཡོད་ལ། ལོ་རེར་མི་སྟོང་གཅིག་རེར་གསོ་སྦྱོང་བྱེད་རྩིས་ཡོད།།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།