ཉེ་བའི་ལོ་འདི་འགར། ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བསྡོམས་འབོར་མྱུར་དུ་འཕར་བས། སྤྱི་ཚོགས་ལ་བྱས་རྗེས་བཞག་ཚད་ཇེ་མཐོར་སོང་བ་དང་། བརྟན་བརླིང་གིས་འཕར་བ་དང་ལས་ཞུགས་ལ་སྐུལ་འདེད། ཁྲལ་བསྡུ་ཇེ་མང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་ནུས་པ་ཆེན་པོ་འདོན་སྤེལ་བྱས་དང་བྱེད་བཞིན་འདུག
2010ལོར་མཚོ་སྔོན་གྱི་དམངས་ཁྲོད་དངུལ་གཏོང་སྒོར་ཐེར་ཆེན་བཞི་དང་དུང་ཕྱིར་གཉིས་བྱེ་བ་གསུམ་དང་ས་ཡ་བཞི་མ་གཏོགས་མེད་ལ། 2015ལོར་སྒོར་ཁྲག་ཁྲིག་གཅིག་ལས་བརྒལ་ཏེ། སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་བྱེ་བ་གསུམ་དང་ས་ཡ་དྲུག་ལ་སླེབས། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་དངུལ་གཏོང་རིམ་བསགས་སྒོས་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་བདུན་ཐེར་འབུམ་དགུ་དུང་ཕྱིར་དགུ་བྱེ་བ་དྲུག་དང་ས་ཡ་བདུན་ལ་སླེབས་པས་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་སུམ་བཅུ་དང་གྲངས་ཆུང་ལྔ་འཕར་བ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་འཕར་ཚད་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་བཞི་ཡིས་མཐོ་བ་རེད། 2015ལོར་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་བསྡོམས་གྲངས་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་གཉིས་ཐེར་འབུམ་དྲུག་དུང་ཕྱིར་བདུན་ཡིན་པ་དང་། དེའི་ནང་དུ་དམངས་ཁྲོད་ཀྱིས་བཏང་བའི་མ་དངུལ་སྒོར་ཁག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་ཡོད་པས།ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་བསྡོམས་གྲངས་ཀྱི་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་གཅིག་ཟིན་ཡོད།སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཐད་གྲངས་འབོར་མྱུར་དུ་འཕར་བ་དང་སྤུས་ཀ་ཁྱོན་ཡོངས་ནས་ཇེ་མཐོར་སོང་བའི་རྣམ་པ་གཉིས་མངོན་ཡོད་པས། དམངས་གཉེར་དཔལ་འབྱོར་མི་སྣས་ལས་སྐྲུན་པའི་སྤྲོ་སེམས་བསླངས་ཡོད།
སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱིས་ཚོང་རའི་འགྲན་རྩོད་དྲག་པོའི་ཁྲོད། རང་ཉིད་ཀྱི་འཕེལ་རྒྱས་དང་འཚམ་པའི་རང་གཤིས་ཅན་གྱི་ལམ་བུ་རྙེད་ཡོད་མོད། འོན་ཀྱང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ཁ་ཤས་ཀྱིས་ད་རུང་སྔར་བཞིན་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མྱུར་དུ་འཕེལ་བར་འགལ་རྐྱེན་ཆེན་པོ་བཟོས་ཡོད། ཁེ་ལས་མི་ཉུང་བ་ཞིག་ཏུ་བཅར་འདྲི་དང་ཁེ་ལས་པ་མང་པོར་ཁ་བརྡ་བྱས་པ་ལས་ཤེས་པ་ལྟར་ན། གནད་དོན་མང་པོ་ཞིག་སྲིད་ཇུས་དངོས་འབེབས་བྱས་མེད་པ་དང་གཞི་རིམ་གྱི་བྱ་བ་སྒྲུབ་པའི་ལས་ཕྱོད་དམའ་བ། ཆོག་མཆན་འགོད་པའི་འགྲོ་རིམ་རྙོག་འཛིང་ཡིན་པ་ལ་སོགས་པའི་ཕྱོགས་སུ་གནས་ཤིང་། ལམ་ལུགས་ཀྱི་ཚོད་འཛིན་དང་ཚོང་རའི་ཚོད་འཛིན་ནི་དམངས་ཁྲོད་དངུལ་་གཏོང་གི་བཀག་རྡོ་ལྟ་བུར་གྱུར་ཏེ། ཁེ་ལས་ཀྱི་དངུལ་གཏོང་སྤྲོ་སེམས་ཇེ་དམའ་རུ་བཏང་ཡོད་པ་རེད།
ཉེ་ཆེར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་ཞིབ་ཚན་ཆུང་གིས་ལྟ་ཞིབ་བྱས་པའི་ས་ཆ་སོ་སོའི་གནས་ཚུལ་ལ་བལྟས་ན། དེང་སྐབས་ཀྱི་དམངས་ཁྲོད་དངུལ་གཏོང་ཐད་ནས་འཕྲད་པའི་འབུར་ཐོན་གནད་དོན་གཙོ་བོ་ནི། ཁྲིམས་སྲོལ་དང་སྲིད་ཇུས་ཁ་ཤས་ཆ་སྡེབ་མིན་པ་དང་མཐུན་སྦྱོར་ཡོང་མེད་པ། དངོས་འབེབས་བྱས་མེད་པ། དམངས་གཉེར་ཁེ་ལས་ཚོང་རར་ཞུགས་ཆོག་པ་དང་ཐོན་ཁུངས་བཀོད་སྒྲིག སྲིད་གཞུང་གི་ཞབས་ཞུ་བཅས་ཀྱི་སྟེང་ནས་རྒྱལ་དབང་ཁེ་ལས་དང་འདྲ་མཚུངས་ཀྱི་ཐོབ་ཆ་ལོངས་སྤྱོད་བྱེད་ཐུབ་ཀྱིན་མེད་པ་བཅས་རེད། དེ་བས། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ལ་སྔར་ལས་ནུས་པ་ལྡན་པ་དང་གསོན་ཤུགས་ཡོད་པའི་སྒོ་ནས་ནུས་པ་འདོན་དུ་འཇུག་པ་དང་། ཁེ་ལས་པ་རྣམས་ཀྱི་དངུལ་གཏོང་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས་ན། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་ལ་ད་དུང་སྔར་ལས་ཞིབ་ཚགས་ཀྱི་ཞབས་ཞུའི་འདུ་ཤེས་ཡོད་དགོས།
རྒྱུས་ལོན་བྱས་པའི་གནས་ཚུལ་ལ་བལྟས་ན་ཐོག་མར་འདུ་ཤེས་གསར་བསྒྱུར་དང་བསམ་བློ་བཅིངས་འགྲོལ་བཏང་ནས། དམངས་གཉེར་ཁེ་ལས་ལ་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེའི་ནང་དུ་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དང་འདྲ་མཉམ་གྱི་གོ་གནས་སྟེར་དགོས་པ་དང་། འདུ་ཤེས་སྟེང་ནས་དངོས་གནས་ཀྲུང་དབྱང་གི་“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”﹝ངེས་པར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་ཇེ་བརྟན་ཇེ་རྒྱས་སུ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས﹞ལག་ལེན་མཐར་ཕྱིན་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་བརྟན་བརླིང་ཡིན་པའི་དམངས་ཁྲོད་ཀྱི་དངུལ་གཏོང་དང་དམངས་ཁྲོད་ཀྱི་གསར་སྐྲུན་ཆེན་མོ་བསླང་ཐུབ།
དེ་ནས་ད་རུང་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དེང་སྐབས་དམངས་ཁྲོད་ཀྱི་དངུལ་གཏོང་མར་འབབ་བཞིན་པར་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོའི་ཚུན་དུ་དངུལ་ལོར་གྱིསདངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབས་དང་རིམ་པ་བཏོན་ཡོད་ལ། རང་ཞིང་གིས་ཀྱང་«དམངས་ཁྲོད་དངུལ་གཏོང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར»བཏོན་ནས། རང་ཞིང་གི་དམངས་ཁྲོད་དངུལ་གཏོང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་དགོས་བར་སྐུལ་འདེད་གཏོང་བའི་ཐབས་ལམ་སུམ་བཅུ་བཏོན་ཡོད། རྗེས་ཕྱོགས་རང་ཞིང་གིས་དམངས་ཁྲོད་དངུལ་གཏོང་གི་བདག་པོའི་གོ་གནས་མྱུར་དུ་གཏན་འཁེལ་བྱེད་པར་མ་ཟད། དམངས་ཁྲོད་དངུལ་གཏོང་གི་འཕེལ་རྒྱས་ཁོར་ཡུག་སྔར་ལས་ལེགས་སྒྱུར་དང་། དམངས་ཁྲོད་དངུལ་གཏོང་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམངས་ཁྲོད་དངུལ་གཏོང་གི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ།
དམངས་ཁྲོད་དངུལ་གཏོང་གི་མ་དངུལ་བསྡུ་བའི་ཐབས་ལམ་རྒྱ་སྐྱེད་པ། pppལས་གཞི་མྱུར་དུ་དངོས་འབེབས་ལག་བསྟར་བྱེད་པ་བཅས་བྱས་ཏེ། དམངས་ཁྲོད་དངུལ་གཏོང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་པའི་ཞིབ་ཕྲའི་ཐབས་ལམ་བཏོན། སྲིད་ཇུས་ལེགས་པོ་ཡོད་རུང་ད་དུང་དོན་ཐོག་ཏུ་འཁྱོལ་དགོས།
མཇུག་མཐར་དམངས་ཁྲོད་དངུལ་གཏོང་ལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས། དེང་སྐབས། དམངས་ཁྲོད་དངུལ་གཏོང་གིས་ཁེ་ལས་ཁྱབ་ཁོངས་ལ་ཡིད་ཆེས་མེད་པས་མ་དངུལ་གཏོང་མི་འདོད་པ་རེད། བཟོ་སྐྲུན་ལས་རིགས་དང་ཐོན་ལས་གསུམ་པ། ཁོར་སྲུང་ཐོན་ལས། གསར་སྐྲུན་ཚན་རྩལ་ཐོན་ལས་སོགས་སྤྱི་ཡོངས་ནས་དཀའ་ཁག་ལ་འཕྲད་ཡོད་པ་ལས་གཞན་ད་དུང་ཁང་གཞིས་ཐོན་ལས་དང་རྟོག་བཟོ་དངུལ་གཏོང་གི་ཁྱབ་ཁོངས་སུའང་རྒྱུན་ལྡན་མིན་པའི་ཐོན་ཁུངས་བཀོད་སྐྲིག་བྱུང་བ་དེ་ཡང་མ་དངུལ་གཏོང་མི་འདོད་པའི་རྒྱུ་རྐྱེན་གཙོ་བོ་རེད། དེའི་དབང་གིས། རིམ་པ་སོ་སོའི་སྲིད་གཞུང་གིས་སྒྲིགས་སྲོལ་ནང་རྐྱེན་དང་སྲིད་ཇུས་དངོས་འབེབས་བྱེད་པའི་སྟེང་དུ་ནུས་ཤུགས་བཏོན་ནས། ཁེ་ལས་ཀྱི་དངུལ་གཏོང་གི་ནུས་པ་དང་འདོད་བློ་ལེགས་བསྒྱུར་དང་། ཁྱབ་ཁོངས་རྒྱ་སྐྱེད་པ་བཅས་ཀྱི་ཕྱོགས་སུ་ནུས་ཤུགས་འབུལ་དགོས་ལ། དམངས་ཁྲོད་ཀྱི་དངུལ་གཏོང་ལ་སྣེ་ཁྲིད་དང་ཞབས་ཞུ་བྱེད་པར་ཤུགས་བསྣན་ཏེ། དམངས་ཁྲོད་ཀྱི་དངུལ་གཏོང་མཁན་མང་པོར་སྔར་ལས་ནུས་པ་མང་པོ་འདོན་དུ་འཇུག་པ་དང་། ཁྱབ་ཁོངས་མང་པོའི་ལས་གཞི་དོན་ཐོག་ཏུ་འཁྱོལ་དུ་འཇུག་དགོས་སོ།།
རྩོམ་སྒྲིག་པ། བསོད་ནམས་བཀྲ་ཤིས།