ཉིན་འགའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མར་སྐུལ་མ་ཐེབས་ཤིང་བློ་སྤོབས་ཆེར་བསྐྱེད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་ནན་ནན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་ཅིང་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་ནན་མོར་གོ་བ་ཟབ་མོ་ལེན་པ་དང་ལག་ལེན་གང་ཐུབ་བྱེད་ཅིང་། མངག་བཅོལ་མི་བརྗེད་པ་དང་རེ་བ་སྟོང་ཟད་དུ་མི་གཏོང་བ། གསུང་བཤད་ཀྱི་དགོངས་དོན་ལྟར་རང་ཉིད་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་རིགས་ལམ་གཙང་སེལ་དང་ལམ་ལུགས་གསར་སྐྲུན། སྲིད་ཇུས་གསར་སྐྲུན། རྩ་འཛུགས་གསར་སྐྲུན་བཅས་བྱེད་པ་བརྒྱུད་དེ་སློབ་གསོ་དང་ཡོང་སྒོ་བགོ་བཤའ། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འཛུགས་སྐྲུན་སོགས་དམངས་ཚིས་བྱ་བ་གཅིག་གྱུར་བཀོད་སྒྲིག་དང་ལེགས་སྒྲུབ་བྱེད་པ་དང་། གསུང་བཤད་ཀྱི་དགོངས་དོན་དེ་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ། རིགས་སོ་སོའི་མང་ཚོགས་ལ་རྒྱུན་ཆད་མེད་པར་ཐོབ་པའི་ཚོར་སྣང་སྔར་ལས་མང་པོ་སྟེར་རྒྱུའི་བསམ་ཚུལ་བསྟན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་ཀྱིས་ང་ཚོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། མགོ་ལོག་ཁུལ་གྱིས་ནམ་ཡང་དམངས་ཚིས་གཙིགས་སུ་འཛིན་པའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་ཅིང་། དབུལ་ཐར་མཁྲེགས་གཏོར་དང་ལས་ཞུགས་ལས་སྐྲུན། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པ་བཅས་ཀྱི་ཕྱོགས་ནས་དམངས་ཚིས་ལེགས་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ལོ་སྟོད་དུ་ཁྱིམ་ཚང་སུམ་སྟོང་བཞི་བརྒྱ་རེ་གསུམ་དང་མི་ཆིག་ཁྲི་ཆིག་སྟོང་བཞི་བརྒྱ་དོན་ལྔ་གནས་གཞན་དུ་སྤར་ཅིང་། ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་དངོས་འབེབས་བྱས། ཁུལ་ཡོངས་སུ་གྲོང་རྡལ་གྱི་མི་ལྔ་བརྒྱ་དང་གྱ་བདུན་གསར་དུ་ལས་ཀར་ཞུགས་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི་གཅིག་སྟོང་གཅིག་གནས་སྤར་ཏེ་ལས་ཀར་ཞུགས། དམངས་སྲིད་རོགས་སྐྱོར་མ་དངུལ་སྣ་ཚོགས་སྒོར་བྱེ་བ་ལྔ་ས་ཡ་དགུ་ལྷག་བཏང་། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་བཅས་འགན་སྲུང་བྱེད་དགོས་པ་ཚང་མ་འགན་སྲུང་བྱས་ཚར། སྤྱི་པའི་བོགས་མར་བཏང་བའི་ཁང་བ་དང་ཁང་རྙིང་སྒྱུར་བཀོད་སོགས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བཟོ་འགོད་ཡོངས་སུ་ལས་མགོ་བརྩམས་པས། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་ཇེ་སྐྱིད་དུ་འགྲོ་བཞིན་ཡོད།
པེ་ཅིན་གྱིས་མཚོ་སྔོན་ཡུས་ཧྲུའུ་རུ་བཙུགས་པའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཏུའུ་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་ཡུས་ཧྲུའུ་ས་འགུལ་བྱུང་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་དམ་དུ་བཟུང་སྟེ་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་དགོས་པའི་བླང་བྱ་དེ་དངོས་གནས་ལག་བསྟར་དངོས་འབེབས་བྱེད་རྒྱུ་ཡིན། པེ་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་ད་དུང་མུ་མཐུད་དུ་རོགས་སྐྱོར་མ་དངུལ་དང་རོགས་སྐྱོར་ལས་གཞི་ཁྲོད་ཀྱི་བརྒྱ་ཆའི་བརྒྱད་ཅུ་དམངས་ཚིས་ཐད་བཀོལ་བ་དང་བརྒྱ་ཆའི་བརྒྱད་ཅུ་གཞི་རིམ་དུ་བཀོལ་བ་རྒྱུན་བསྐྱངས་ནས། ཡུས་ཧྲུའུ་ཡི་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བཟོ་འགོད་བཅུ་མྱུར་དུ་ཁ་བཤད་ལག་བསྟར་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཕན་ཁེ་སྔར་ལས་མང་པོ་ཐོབ་ཏུ་འཇུག་པར་འབད་པ་བྱེད་རྒྱུ་ཡིན།
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་པའོ་ཀོང་ཐེ་ཡིས་བཤད་རྒྱུར། ང་ཚོས་ནམ་ཡང་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་དམངས་སྲིད་བྱ་བའི་གཙོ་གནད་དུ་བཟུང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་པ་དང་། མཁར་གྲོང་གི་མ་མཐའི་འཚོ་བར་འགན་སྲུང་། སྨན་བཅོས་རོགས་སྐྱོར། གནོད་སེལ་རྒུད་སྐྱོབ། སྐབས་ཐོག་རོགས་སྐྱོར་སོགས་བྱ་བ་སྒྲུབ་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། དཀའ་ཁག་དང་འཕྲད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དངོས་གནས་འགན་སྲུང་བྱེད་རྒྱུ་དང་། ནམ་ཡང་སྤྱི་ཚོགས་བཅོས་སྐྱོང་བྱེད་པ་དེ་སྤྱི་ཚོགས་ལས་དོན་གོང་དུ་འཕེལ་བའི་སྒུལ་ཤུགས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་རང་སྐྱོང་རྩ་འཛུགས་ཀྱིས་འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་རྒྱུ། རྒན་གསོ་ཞབས་ཞུ་དེ་སྤྱི་ཚོགས་ན་རྒས་ཅན་དུ་འགྱུར་བར་ཐག་གཅོད་པ་དེ་ནམ་ཡང་བྱེད་ཐབས་གཙོ་བོར་བརྩི་བ་དང་། རྒན་གསོ་ཞབས་ཞུ་ལས་རིགས་འཕེལ་བའི་སྒྲིག་སྲོལ་དང་ནང་རྐྱེན་གསར་སྐྲུན་བྱས་ཏེ། ལས་ཁུངས་ཀྱིས་རྒན་པ་གསོ་བ་གཙོ་བོ་དང་ཐར་ཐོར་དུ་གསོ་སྐྱོང་བྱེད་པ་ཁ་གསབ་ཡིན་པའི་རྒན་གསོ་ཞབས་ཞུ་མ་ལག་གསར་པ་ཆགས་སུ་འཇུག་རྒྱུ་ཡིན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་གླང་རྒྱ་སྡེ་བར་སྡོད་པའི་ལས་བྱེད་པ་པད་མ་རྒྱལ་གྱིས་རང་གི་མྱོང་ཚོར་དང་སྦྲེལ་ཏེ་བཤད་རྒྱུར། ལོ་གཉིས་ཀྱི་རིང་ང་ཚོས་ཏང་དང་སྲིད་གཞུང་གིས་ལག་བསྟར་བྱས་པའི་དབུལ་ཐར་མཁྲེགས་གཏོར་དེ་གཞི་རིམ་དུ་རྒྱུན་མཐུད་དང་ནན་ནན་ཏིག་ཏིག་གིས་སྤེལ་བར་མ་ཟད་རྒྱལ་ཁ་ལེན་བཞིན་པའི་སྒང་ཡིན་ལ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཕན་ཁེ་སྙེག་པ་དང་དབུལ་ཐར་བརྩོན་ལེན་བྱེད་པའི་བྱེད་ཐབས་རེ་རེ་ལས་དངོས་སུ་ར་སྤྲོད་བྱས་ཡོད། སྲིད་གཞུང་གིས་རོགས་སྐྱོར་བྱས་པ་དང་ང་ཚོ་རང་གིས་ཞིང་ཆེན་ནང་ཁུལ་གྱི་དབུལ་ཐར་དཔེ་མཚོན་ཉམས་མྱོང་དཔྱད་གཞིར་འཛིན་པ། རེབ་གོང་རིག་གནས་ཐོན་ལས་ཀྱི་ཁྱད་ཆོས་འབུར་དུ་དོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་དུ་སྐྲུན་པའི་བྱ་བར་རྒྱུན་ཆད་མེད་པར་ཤུགས་བསྣན་ན། ཞིང་ཆེན་ཡོངས་དང་དུས་མཉམ་དུ་དབུལ་ཐར་ཕྱུག་བསྒྱུར་གྱི་འདུན་མ་དེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མེ་ཏོག་ལུང་བ་སྡེ་བའི་ཏང་ཡོན་བྱ་འགུལ་ལྟེ་གནས་སུ། ཏང་ཡོན་ལས་བྱེད་པ་དང་སྡེ་མི་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་པའི་བརྙན་གཟིགས་ལ་ལྟ་བཞིན་འདུག སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་པོ་ཡིས་བཤད་རྒྱུར། ང་ཚོ་གཞི་རིམ་བྱ་བ་སྒྲུབ་པའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྡེ་མི་རྣམས་ལ་བཅངས་བའི་ཡིད་ཆེས་དེ་སྟོང་ཟད་དུ་མི་གཏོང་བར་སྡེ་བར་དོན་བཟང་གང་མང་བསྒྲུབས་ནས་ཏང་ཡོན་བཟང་པོ་ཞིག་བྱེད་རྒྱུ་ཡིན། སྡེ་མི་ལྷ་མོ་བདེ་སྐྱིད་ཀྱིས་བཤད་རྒྱུར། ང་ཚོ་སྡེ་བར་སྔོན་ཆད་སོ་ཕག་ཁང་པ་འགའ་ལས་མེད། 2014ལོར་མཛེས་སྡུག་གི་ཡུལ་ཚོ་འཛུགས་སྐྲུན་བྱེད་མགོ་བརྩམས་རྗེས་ཚང་མ་ཁང་གསར་ནང་བསྡད་པ་དང་། ཉི་འོད་ལམ་སྒྲོན་ཡོད་ལ་ཁོད་སྙོམས་པའི་གཞུང་ལམ་ཡང་ལས། དེ་མིན་སྡེ་བར་ད་ལྟ་བྱིས་གཉོར་ཁང་དང་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཡོད་པས། ང་ཚོའི་འཚོ་བ་ངོ་མས་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད།
གཅན་ཚ་རྫོང་སྣང་ར་ཞང་ལ་མོ་སྦྲུལ་ལྕེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་རྒྱས་ཀྱིས་བཤད་རྒྱུར། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་ལེགས་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། གཞི་རིམ་ཏང་རྩ་འཛུགས་ཤིག་ཡིན་པའི་ཆ་ནས་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་ཅིང་། དམངས་གཙོའི་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་ནང་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་ལམ་ལུགས་གཟབ་ནན་བཅས་བྱེད་དགོས། རང་ཉིད་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་སྐྱོང་བ་དང་ཏང་དོ་དམ་བྱེད་པའི་འགན་འཁྲི་པ་དང་པོ་ཡིན་པའི་འགན་འཁྲི་ལག་ལེན་བྱས་ཏེ། གཟབ་ནན་དང་ནན་ཏན་ཡིན་པའི་ཏང་ནང་གི་ཆབ་སྲིད་འཚོ་བ་སྤེལ་བ་དང་། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་གཙང་དག་བྱེད་ཆེད་བྱས་རྗེས་འཇོག་རྒྱུ་ཡིན། དུས་མཚུངས་སུ། སེམས་ཤུགས་ཡོད་དགུས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་འཛུགས་སྐྲུན་དང་། དབུལ་ཐར་མཁྲེགས་གཏོར། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ཁྲོད་ཞུགས་པ་དང་། ཚང་མ་དང་མཉམ་དུ་འཆམ་མཐུན་དང་བརྟན་བརླིང་། དར་རྒྱས་གོང་འཕེལ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་པའི་བོད་སྡེ་ཞིག་འཛུགས་སྐྲུན་ཅི་ཐུབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བླང་བྱ་ནན་མོ་སྟོང་ཟད་དུ་མི་གཏོང་བ་བྱེད་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།