ནམ་ཟླ་སྟོན་མཇུག་ལ་སླེབས་ཀྱང་། ཟླ་དགུ་བའི་གཅན་ཚའི་ནམ་མཁའ་སྔོ་ཞིང་བསངས་ལ་ཉི་འོད་དྲོ་ཞིང་འཇམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཉིས་སྟོང་བཅུ་་དྲུག་ལོའི“ལྷབ་ཆབ ”རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུ་འགྲན་སྡུར་སྐབས་བཞི་པ་དང་མདའ་སྟོན་རིག་གནས་དུས་ཆེན་གྱི་མགོ་རྩོམ་པའི་མཛད་སྒོ་གཅན་ཚ་རྫོང་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཞིང་ཆེན་ལུས་རྩལ་ཅུའུ། རྨ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་། ཉེ་འཁོར་གྱི་ཁུལ་དང་རྫོང་སོ་སོའི་འབྲེལ་ཡོད་མགོ་ཁྲིད་སོགས་ཞུགས་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་མདའ་འཕེན་རུ་ཁག་གི་འཐུས་ཚབ་དང་ས་གནས་མང་ཚོགས་སོགས་མི་སྟོང་ལྔ་ལྷག་ཞུགས་ཡོད་པས། དུས་སྟོན་གྱི་སྤྲོ་དགའི་རྣམ་པ་ཀུན་ནས་མངོན་འདུག དེར་ཞུགས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ།
ཐེངས་འདིའི་མདའ་རྩལ་འགྲན་སྡུར་ནི་ཀྲུང་གོ་མདའ་འཕེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད། ཐེངས་འདིའི་འགན་ཚོགས་ལ་བསྡོམས་པས་རུ་ཁག་བརྒྱ་དང་བཅོ་བརྒྱད་ཞུགས་ཡོད་ལ། དེའི་ཁྲོད་དུ་ཕྱི་རྒྱལ་གྱི་རུ་ཁག་བཅུ་དགུ་དང་ཞིང་ཀང་དང་ཨོ་མིན། ཐེ་ཝན་གསུམ་གྱི་རུ་ཁག་གཉིས། ཞིང་ཆེན་ཕྱིའི་རུ་ཁག་ཉེར་གཅིག་དང་ཞིང་ཆེན་ནང་ཁུལ་གྱི་རུ་ཁག་བཞི་བཅུ་ཞེ་བརྒྱད། གཅན་ཚ་རྫོང་གི་རུ་ཁག་ཉེར་བརྒྱད་བཅས་ཞུགས་ཡོད་ཅིང་། འགྲན་ཞུགས་ལུས་རྩལ་པ་སྟོང་གཅིག་དང་དྲུག་བརྒྱ་གོ་གཅིག་ཡོད་པས། ལོ་སྔོན་མ་དག་ལས་གཞི་རྒྱ་ཇེ་ཆེར་སོང་ཡོད། མདའ་རྩལ་འགྲན་སྡུར་འདི་ནི་རྒྱལ་སྤྱིའི་མི་རིགས་མདའ་རྩལ་གྱི་དགྱེས་འཛོམས་ཤིག་ཡིན་པར་མ་ཟད། མཚོ་སྔོན་གྱི་མཛེས་པ་དང་གཅན་ཚའི་གཟི་དཔལ་ཉམས་སུ་མྱོང་སའི་སྟེགས་བུ་ཞིག་ཡིན་ལ། དེ་ལས་ཀྱང་མདའ་གཞི་མོ་གཉིས་ཀྱི་འདྲེན་འགུག་འཕྲོད་སྦྱོར་ལ་བརྟེན་ནས་ཕྱོགས་སོ་སོའི་སྤུན་ཟླའི་བར་གྱི་མཛའ་གཤིས་ཇེ་ཟབ་ཏུ་གཏོང་པའི་གོ་སྐབས་ལེགས་པོ་ཞིག་ཡིན་པར་སྙམ།
མཛད་སྒོའི་ཐོག་ཏུ་ཞུགས་པའི་ཕྱོགས་སོ་སོའི་མདའ་འཕེན་རུ་ཁག་གི་འཐུས་ཚབ་པ་དག་གིས་ཀྱང་གོ་སྐབས་དེར་བརྟེན་ནས། མི་རིགས་སོ་སོའི་རང་ས་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་གྱོན་ཆས་དང་མདའ་གཞུ་རྒྱན་དུ་སྤྲས་ཏེ་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཉམས་འགྱུར་མ་ལུས་མངོན་པར་བསྟན་ཅིང་། བོད་ཁུལ་གྱི་གླུ་བ་གླུ་མ་གྲགས་ཅན་དག་གིས་དམངས་གླུ་དང་རྡུང་ལེན། མཉམ་ལེན། ཟློས་གར་སོགས་རིག་རྩལ་གྱི་རྣམ་པ་དུ་མའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་དང་དམངས་ཁྲོད་གླུ་གར་གྱི་མཛེས་པ་མ་ལུས་པར་ཀུན་ནས་ངོམ། དེ་དང་ཆབས་ཅིག་ཏུ་གཅན་ཚ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟས་རིགས་ཀྱི་གསོལ་སྟོན་རྒྱ་ཆེ་པོ་བྱས་ཏེ། མགྲོན་པོ་དང་མདའ་བ་རྣམས་གྲལ་གཅིག་གདན་གཅིག་ཏུ་ཕན་ཚུན་བགྲོ་གླེང་གི་དབུགས་དབྱུང་ལ་ལྷོད་ཡངས་དུ་རོལ་བས། འཆམ་མཐུན་དང་མཛའ་འབྲེལ་གྱི་རྣམ་པ་ཞིག་མ་བཅོས་རང་བཞིན་དུ་ཤར།
ཨ་མེ་རི་ཁ་ནས་ཕེབས་པའི་མདའ་བ་སི་ཏེ་ཧྥུན་ཕཱ་མུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་མདའ་རྩལ་འགྲན་ཚོགས་ལ་ཞུགས་ཐུབ་པ་བྱུང་བ་ལ་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། འདི་ནི་ང་རང་ཐེངས་དང་པོར་གཡང་མདའི་འགྲན་སྡུར་ལ་ཞུགས་པ་ཡིན། འདི་གའི་ཞིང་སྡེ་དང་གྲོང་ཁྱེར་གང་ཡིན་རུང་ཕྱིའི་སྣོད་ཀྱི་བཀོད་པ་མཛེས་ཤིང་། ཡུལ་འདིའི་མི་རྣམས་ཀྱི་གཤིས་རྒྱུད་བཟང་ཞིང་གཞན་ལ་བརྩི་བཀུར་ཆེ་བས། ང་ལ་དངོས་ནས་བག་ཆགས་ཟབ་མོ་ཞིག་བཞག་སོང་། འགྲན་སྡུར་གྱི་སྐབས་སུ་ཡང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་མདའ་བ་རྣམས་དང་མཉམ་མྱོང་བརྗེ་རེས་བྱས་པར་བརྟེན་ནས། མཉམ་དུ་མདའ་འཕེན་གཞུ་འགུག་གི་རྒྱུ་རྩལ་གོང་འཕེལ་དུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད། རྗེས་སུ་ཡང་གོ་སྐབས་ཡོད་ན་མུ་མཐུད་དུ་འདི་འདྲའི་འགྲན་ཚོགས་ལ་ཞུགས་པའི་རེ་བ་ཤིན་ཏུ་ཆེ་ཞེས་བཤད།
རྒྱུས་ལོན་བྱུང་པ་ལྟར་ན། གཅན་ཚ་རྫོང་གིས་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་ཚོགས་ཐེངས་གསུམ་ལ་སྤེལ་མྱོང་བ་དང་། དེ་ཡང་ཉིས་སྟོང་དྲུག་ལོ་ནས་བཟུང་། སྔ་ཕྱིར་ཞིང་ཆེན་ཡོངས་དང་རྒྱལ་ཡོངས། རྒྱལ་སྤྱི་ཞེས་གཞི་རྒྱ་ཆེ་ནས་ཆེ་རུ་རྒྱ་བསྐྱེད་ནས་སྤེལ་ཏེ། གཅན་ཚའི་མདའ་རྩལ་འགྲན་སྡུར་དེ་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གསུམ་གྱི་གྲས་སུ་བདམས་ཡོད། འགྲན་སྡུར་གྱི་སྒྲིག་ལམ་ཡང་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་འགྲན་སྡུར་སྒྲིག་ལམ་ལྟར་བཟོས་ཡོད། དེར་མ་ཟད་ཉིས་སྟོང་བདུན་ལོར་གཅན་ཚ་རྫོང་ལ་རྒྱལ་ཁབ་ལུས་རྩལ་ཅུས་ཀྱིས་ཀྲུང་གོའི་མི་རིགས་མདའ་འཕེན་གྱི་ཕ་ས་ཞེས་མཚན་སྙན་གནང་།
ཐེངས་འདིའི་འགྲན་སྡུར་བྱེད་སྟངས་ཀྱི་ཐད་ནས་གཅན་ཚ་རྫོང་དམངས་ཆེན་གྱི་ཀྲུའུ་རིན་ཤཀྱ་དོན་གྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། དུས་ཡུན་ཉི་མ་བདུན་གྱི་རིང་ལ་རྭ་གཞི་མི་ཉི་ཤུ་ཅན་དང་གཞུ་འཁོར་ལོ་མ་མི་ཉི་ཤུ་ཅན། ལྕགས་གཞི་མི་ལྔ་ཅན་བཅས་འགྲན་སྐོར་ལྔ་རུ་བགོས་ནས་འགྲན་སྡུར་སྤེལ་བ་དང་མཉམ་དུ། ད་དུང་རིག་རྩལ་ཁྲབ་སྟོན་དང་ལ་གཞས་འགྲན་སྡུར། ཕྱི་རོལ་ནས་གློག་བརྙན་སྟོན་པ་སོགས་རོལ་རྩེད་ཀྱི་རྣམ་པ་མི་འདྲ་བ་སྣ་ཚོགས་སྤེལ་པས། མདའ་རྩལ་འགྲན་སྡུར་དང་མདའ་སྟོན་རིག་གནས་དུས་ཆེན་གྱི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པར་བཏང་ཡོད་ལ། ནམ་ཟླ་་སྟོན་གྱི་འབྲས་བཟང་སྨིན་པའི་དུས་ཚིགས་ལ། ངོ་མཚར་ལྟད་མོའི་་མངར་བཅུད་མྱོང་བའི་སྐལ་བཟང་ཤར་སོང་ཞེས་ཟེར།
ཐེངས་འདིའི་མདའ་རྩལ་འགྲན་སྡུར་དང་མདའ་སྟོན་རིག་གནས་དུས་ཆེན་གྱི་བྱ་འགུལ་བརྒྱུད། གཅན་ཚ་རྫོང་གིས་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་མདའ་རྩེད་རིག་གནས་འབྲེལ་ཟམ་དུ་བརྩིས་ནས། རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་མི་རིགས་བར་གྱི་རིག་གནས་བརྗེ་རེས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ས་གནས་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་གོང་འཕེལ་དང་དར་ཁྱབ་ཏུ་གཏོང་བ་བཅས་ལ་ཡར་སྐུལ་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་བཅས་ལ་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད།
རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།