མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ཞིང་ཆེན་ཞིག་ཡིན་ལ། མི་རིགས་ས་ཁོངས་རང་སྐྱོང་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད། རང་བྱུང་ཁོར་ཡུག་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་དབང་གིས་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་འདིར་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ། མཐོ་སྒང་ས་ཁུལ། དར་རྒྱས་མིན་པའི་ས་ཁུལ་གྱི་དཀའ་ཁག་དང་ཁྱད་ཆོས་ཡོད་ཚད་གཅིག་ཏུ་འདུས་ཡོད།
མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་མཚོ་སྔོན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཁྲོད་མི་རིགས་གཅིག་ཀྱང་ལུས་མི་རུང་།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཀྱི་ཤུགས་ཆེན་པོའི་རོགས་སྐྱོར་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་ལེགས་སྒྲུབ་བྱེད་པའི”སྲིད་འཛིན་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ལོ་རེར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔ་ཡས་མས་མི་རིགས་ས་ཁུལ་གྱི་སློབ་གསོ་དང་ལས་ཞུགས། སྡོད་ཁང་། རྒན་གསོ། སྨན་བཅོས་འཕྲོད་བསྟེན། རིག་གནས་སོགས་དམངས་ཚིས་ཁྱབ་ཁོངས་སུ་བཞག་པས། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་དེ་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་མྱུར་ཚད་ཆེས་མགྱོགས་ཤིང་འཕེལ་རྒྱས་ཀྱི་སྤུས་ཚད་ཆེས་བཟང་བ། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེས་ཆེན་པོ་དང་མི་དམངས་མང་ཚོགས་ལ་ཕན་ཁེ་ཆེས་མང་པོ་ཐོབ་པའི་དུས་སྐབས་སུ་ཞུགས།
ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔལ་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ནན་ནན་ཏིག་ཏིག་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས”ཞེས་པའི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་བྱེད་ཐབས་གཙོ་བོ་ཡིན་པའི་ཚན་རིག་གི་ཆོད་གཏམ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་སྣེ་ཁྲིད་མཐུན་སྒྲིལ་བྱས་ཏེ་མཚོ་སྔོན་སྔར་ལས་འཆམ་མཐུན་དང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱས། རྨང་གཞི་སྒྲིག་ཆས་དང་སྐྱེ་ཁམས་འཛུགས་སྐྲུན་གྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགྲོ་ལམ་གསར་བ་བསྐྲུན།
ས་རྒྱ་ཆེ་ཞིང་མི་ཉུང་ལ། འགྲིམ་འགྲུལ་སྟབས་མི་བདེ་བ་ནི་མི་མང་པོས་མཚོ་སྔོན་གྱི་རྒྱང་རིང་བོད་ཁུལ་ལ་བཟུང་བའི་ལྟ་ཚུལ་རེད།
འགྲུམ་འགྲུལ་སྟབས་མི་བདེ་བའི་དབང་གིས། ལོ་བཅུ་ལྷག་གི་ཡར་སྔོན་དུ་ཟོ་སྐྱ་ཞང་གི་འབྲོག་པ་མང་ཆེ་བ་ཞིག་འབྲི་སྟོད་རྫོང་མཁར་དུ་ཡང་སོང་མ་མྱོང་བ་རེད། ད་སྐབས། ཡུས་ཧྲུའུ་གྲོང་ཁྱེར་དུ་མྱུར་བགྲོད་གཞུང་ལམ་ལས་པ་དང་། འབྲི་སྟོད་རྫོང་དུ་རིམ་པ་གཉིས་པའི་གཞུང་ལམ་ལས་པ། ཟོ་སྐྱ་ཞང་དུ་ཡང་རིམ་པ་བཞི་བའི་ཨར་འདམ་གྱི་ལམ་ལས་ཡོད་པས། འབྲི་སྟོད་ནས་ཟོ་སྐྱ་ཞང་ལ་ཉིན་ཕྱེད་ཀྱི་ནང་ཐོན་ཐུབ་པར་མ་ཟད། དངོས་ཟོག་འཁོར་རྒྱུགས་ཀྱི་ཐབས་ལམ་ཡང་ཇེ་མང་དུ་སོང་བས། འབྲོག་པ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་སོགས་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
རྨང་གཞི་སྒྲིག་ཆས་ཞན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ཆེན་པོ་ཞིག་རེད།
དེར་བརྟེན། ལོ་མང་པོའི་རིང་ལ། ནོར་ཤུགས་ཞན་པའི་མཚོ་སྔོན་གྱིས་ཤུགས་ཆེན་པོས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སྔོན་མ་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། འཛུགས་སྐྲུན་ལས་གཞི་མང་པོ་ཞིག་སྔ་གཞུག་ཏུ་ལས་གྲུབ་ནས་བཀོལ་སྤྱོད་བྱས་ཤིང་། རོང་འབྲོག་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་ཁེ་ཕན་གནད་དོན་ཐག་བཅད་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ།
རྒྱལ་ཁབ་ཀྱི་ཤུགས་ཆེན་པོའི་རོགས་སྐྱོར་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་ལེགས་སྒྲུབ་བྱེད་པའི་སྲིད་འཛིན་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ལོ་རེར་ཞིང་ཆེན་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔ་ཡས་མས་དམངས་ཚིས་ཁྱབ་ཁོངས་སུ་དངོས་འབེབས་བྱས་པས། མི་རིགས་ས་ཁུལ་དང་བོད་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་འགྱུར་ལྡོག་ཆེན་པོ་བྱུང་།
2015ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་མཇུག་མཐའི་མི་གྲངས་ཁྲི་གསུམ་སྟོང་དགུ་ལྷག་གི་གློག་མེད་པའི་གནད་དོན་ཐག་བཅད་དེ། ཉི་འོད་བཟོ་སྐྲུན་གྱིས་མཚོ་སྔོན་མཐོ་སྒང་གི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན།
འབྲོག་པ་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་ལྷག་སྡོད་གནས་གསར་བར་སྤར་བ་དང་། འབྲོག་པ་འབུམ་ལྔ་ཁྲི་གསུམ་སྡོད་ཁང་གསར་བའི་ནང་སྤར་ཏེ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་བདེ་སྡོད་བཟོ་སྐྲུན་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་ཐོབ།
ད་ལོའི་ཟླ་བདུན་པར། མགོ་ལོག་རྨ་ཆེན་དམངས་སྤྱོད་གནམ་གྲུ་ཐང་བཀོལ་སྤྱོད་བྱེད་མགོ་བརྩམས་པས། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དང་གཞུང་ལམ། མཁའ་འགྲུལ་བཅས་གཞི་གཅིག་ཡིན་པའི་འགྲིམ་འགྲུལ་དྲ་རྒྱ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར།
གཞན་ད་རུང་བོད་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་འཛུགས་སྐྲུན་དང་། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་སོགས་ལ་ཡང་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
ཤུགས་ཕུད་དེ་ཁྱད་ལྡན་དང་ཁྱད་སྟོབས་ཐོན་ལས་གསོ་སྐྱོང་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དེས་མི་རིགས་ས་ཁུལ་དུ་ཐོད་བརྒལ་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྦས་ཤུགས་དང་གསོན་ཤུགས་གསར་བ་བསྣན།
ལྷད་མེད་འཕེལ་རྒྱས་ལྟ་བས་ཁྲིད་སྟོན་བྱས་འོག དབྱར་རྩྭ་དགུན་འབུ་དང་ནོར་ཤ། བོད་ཀྱི་ས་གདན། ནས་ཆང་། ཚ་འདམ་གཞོང་གི་འཕང་འབྲས་སོགས་མཚོ་བོད་མཐོ་སྒང་གི་མཚོན་རྟགས་སྦྱར་ཡོད་པའི་ཁྱད་ལྡན་ཐོན་རྫས་རེ་རེ་རྒྱལ་ཁབ་ཕྱི་ནང་དུ་འདྲེན་འཚོང་བྱས་པ་བརྒྱུད། ལྷད་མེད་ཐོན་རྫས་དེ་དག་རིམ་བཞིན་མཚོ་སྔོན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ལྟ་བུར་གྱུར།
འཛམ་གླིང་དུ་ཀུན་གྱིས་ཁས་ལེན་པའི་སྤྱི་ལ་གནོད་པ་མེད་པའི་དག་གཙང་གི་ས་ཁུལ་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན་པའི་མཚོ་བོད་མཐོ་སྒང་ལ་ཐུན་མོང་མ་ཡིན་པའི་ནམ་ཟླའི་ཆ་རྐྱེན་དང་ཕུན་སུམ་ཚོགས་པའི་སྲོག་ཆགས་དང་རྩི་ཤིང་གི་ཐུན་ཁུངས་ཡོད། དུས་མཚུངས་སུ། ཚྭ་འདམ་གཞོང་ལ་ཐོན་ཁུངས་མང་ཞིང་སྤུས་ལེགས་པ་དེས། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་དང་ཁྱད་སྟོབས་བཟོ་ལས་དཔལ་འབྱོར་གོང་དུ་སྤེལ་བར་ནུས་ཡོད་ཆ་རྐྱེན་འདོན་སྤྲོད་བྱས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཞིང་ཕྱུགས་ལས་དང་ཡང་པའི་བཟོ་ལས་ཐོན་ལས་མ་ལག་གོང་དུ་སྤེལ་བས། ནོར་གནག་གི་ཤ་དང་། འོ་མ། འཕང་འབྲས། དབྱར་རྩྭ་དགུན་འབུ། བོད་སྨན། ནས་ཆང་སོགས་མཐོ་སྒང་གི་ལྷད་མེད་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་།
གནས་སྐོར་ལས་རིགས་ནི་དེང་རབས་ཀྱི་ཐོན་ལས་ཞིག་ཡིན་པས། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཟིན་པའི་མཚོ་སྔོན་ལ་མཚོན་ན། ཤུགས་ཆེན་པོས་སྐྱེ་ཁམས་གནས་སྐོར་ལས་རིགས་གོང་དུ་སྤེལ་རྒྱུ་ནི། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ནུས་ཡོད་ཐབས་ལམ་ཁོ་ན་ཞིག་ཡིན།
མིག་སྔར། ཞིང་ཆེན་ཡོངས་སུ་མུ་མཐུད་དུ་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱས་ནས། འབད་བརྩོན་སྒོས་གནས་སྐོར་མིང་གྲགས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། ཞིང་ཆེན་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ཁུལ་དང་པོ་ཡིན་པའི་ངོས་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་རྨང་གཞི་ཡིན་པའི་ས་ཁོངས་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་དཔེ་དབྱིབས་གསར་སྐྲུན་དང་འཚོལ་ཞིབ་བྱས་ཏེ། གནས་སྐོར་དང་འཐབ་ཇུས་ལྟར་ས་ཁོངས་ཡོངས་ཀྱི་ཐོན་ལས་མཉམ་བསྲེས་བྱེད་པར་སྐུལ་འདེད་བྱས།
ཤུགས་ཆེན་པོས་དམངས་ཚིས་ཐད་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ། རྒྱུན་ཆད་མེད་པར་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས།
ལོ་རྒྱུས་དང་ས་གཤིས། ནམ་ཟླའི་ཆ་རྐྱེན་སོགས་ཀྱི་དབང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཅུང་དམའ་བ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ལས་འགན་ཧ་ཅང་ལྕི་བས་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་དགོས།
དེར་བརྟེན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་ལེགས་སྒྲུབ་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཡོངས་སུ་ཁེབས་པ་དང་གཞི་རྩ་ཁག་ཐེག རིམ་གྲས་མང་པ། རྒྱུན་མཐུད་བཅས་ཀྱི་གཞི་རྩའི་རྩ་དོན་ལྟར། རྒྱུན་ཆད་མེད་པར་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། མུ་མཐུད་དུ་ནོར་སྲིད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ཏེ། འབད་བརྩོན་སྒོས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་།
སློབ་གསོ་ནི་མི་རིགས་དར་སྤེལ་དང་སྤྱི་ཚོགས་ཡར་ཐོན་གྱི་རྨང་རྡོ་ལྟ་བུ་ཡིན། ཤུགས་ཆེན་པོས་དམངས་ཚིས་ཕྱོགས་ཀྱི་མི་འདང་ས་དེ་ཁ་གསབ་བྱེད་སྐབས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧུར་ཐག་གིས་སློབ་གསོ་འདྲ་མཉམ་ལ་ཡར་སྐུལ་དང་ལུགས་མཐུན་སྒོས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ། ཞིང་སྡེ་དང་རྒྱང་རིང་། དབུལ་ཕོངས། མི་རིགས་ས་ཁུལ་བཅས་གཙོ་བོར་བཞག་ནས་སྐུལ་འདེད་བྱས།
རོང་འབྲོག་ཁུལ་གྱི་བྱིས་པ་རྣམས་དགའ་འོས་པ་ཞིག་ནི། ད་ལོའི་དཔྱིད་ཀའི་སློབ་སྐབས་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་བཙུགས་ཏེ། ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་སློབ་སྔོན་གྱི་ལོ་གསུམ་དང་འོས་འགན་སློབ་གསོའི་ལོ་དགུ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་གསུམ་བཅས་ཀྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས།
སྔོན་ཆད། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་མང་པོའི་ས་རྒྱ་ཆེ་ཞིང་མི་ཉུང་ལ། སྡོད་གནས་ཐར་ཐོར་དུ་ཡོད་པས། མང་ཚོགས་ནད་ལ་སྟོན་དཀའ་བ་དང་སྨན་བཅོས་བྱེད་དཀའ་བ། རྒན་གསོ་ཐད་ལ་དཀའ་ཁག་ཡོད་པ་རེད།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་ཉེན་ཚབ་ལམ་ལུགས་བཙུགས་ཏེ། བོད་ཁུལ་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་མ་ལག་ཁྲོད་ཀྱི་མི་འདང་ས་དེ་ཁ་གསབ་བྱས།
མིག་སྔར། ལོ་མང་པོའི་རིང་གི་འབད་བརྩོན་བརྒྱུད། སྤྱི་ཚོགས་འགན་སྲུང་ཉེན་ཚབ་དང་སྤྱི་ཚོགས་རོགས་སྐྱོར། སྤྱི་ཚོགས་ཕན་བདེ་བཅས་རྨང་གཞི་ཡིན་པ་དང་། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་གནད་ས་ཡིན་པ། ཕན་བདེ་ལས་དོན་དང་ཚོང་ལས་ཉེན་ཚབ་དེ་ཁ་གསབ་ཡིན་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་སྒྲོམ་གཞི་དེ་བོད་ཁུལ་དུ་ཡོངས་སུ་ཆགས།
དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ཏེ། སྨན་བཅོས་འཕྲོད་བསྟེན་དང་སྤྱི་ཚོགས་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་བཅས་ལས་ཁུངས་ཀྱི་ཞབས་ཞུ་ནུས་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱས། སྨན་བཅོས་ཞབས་ཞུའི་ཐད་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རྨང་གཞི་སྒྲིག་ཆས་དང་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ། ཞིག་གསོ་བསྒྱུར་བཀོད། ཤེས་ཡོན་ཅན་སྐྱེད་སྲིང་སོགས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱས་ཏེ། ཧུར་ཐག་གིས་གཞི་རིམ་གྱི་ཞབས་ཞུ་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་བཏང་།
སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་ཞབས་ཞུ་ནུས་ཤུགས་འཛུགས་སྐྲུན་ཕྱོགས་སུ། བོད་ཁུལ་གྱི་གྲོང་ཁྱེར་དྲུག་དང་རྫོང་སུམ་ཅུའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་ལས་གཞི་ཡོངས་འགྲུབ་བྱས།
སྤྱི་ཚོགས་འགན་སྲུང་གི་ཞབས་ཞུ་ཆུ་ཚད་བརྟན་འཇགས་ངང་མཐོར་འདེགས་བྱུང་ཏེ། མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་ཚད་ཉིན་རེ་བཞིན་ཇེ་མཐོར་གྱུར་། ད་སྐབས། མཚོ་སྔོན་མི་རིགས་ས་ཁུལ་གྱི་དམངས་ཚིས་ལེགས་བཅོས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། དམངས་ཚིས་ལེགས་བཅོས་དང་འགན་སྲུང་གི་བྱེད་ཐབས་དེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་སོ་སོ་ནས་མིག་མཐོང་ལག་ཟིན་དུ་གྱུར་ཡོད།
ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས། མཚོ་སྔོན་ཞིང་ཆེན་གྱིས་དམངས་ཕན་བྱེད་ཐབས་སྔར་ལས་མང་པོ་འགྲེམ་སྤེལ་དང་བཅོས་སྒྱུར་གྱི་ཕན་ཁེ་སྔར་ལས་མང་པོ་བསྐྲུན་པས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུ་སྔར་ལས་ཡངས་ཤིང་རྒྱ་ཇེ་ཆེར་འགྱུར་སྲིད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།