ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་རྩོམ་པའི་ལོ་འདིར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་གོ་གནས་སྔར་ལས་གལ་ཆེན་དུ་བཞག་ཏེ། བློ་བརྟན་འགྱུར་མེད་སྒོས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་ལེགས་སྒྲུབ་བྱེད་པའི་ཐབས་ལམ་རྒྱུན་འཁྱོངས་དང་། ནོར་སྲིད་འགྲོ་གྲོན་གྱི་གྲུབ་ཚུལ་ལེགས་སྒྲིག་དང་དམངས་ཚིས་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། དམངས་ཚིས་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ཞིང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ལས་ཞུགས་སོགས་དམངས་ཚིས་ལེགས་བཅོས་བྱེད་པར་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ལ་ཕན་ཁེ་མང་པོ་བསྐྲུན།
“ དམིགས་འབེན་གཅིག་དང་ཐབས་ཤེས་རྣམ་པ་བརྒྱད”ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཏེ། ལས་བྱེད་པ་ཁྲི་གཅིག་སྡེ་བར་སྡོད་པའི་གནས་མཉམ་འབྲེལ་དབུལ་སྐྱོར་བཟོ་སྐྲུན་དང་གནས་གཞན་དུ་སྤོར་བའི་དབུལ་སྐྱོར་བཟོ་སྐྲུན་ལག་བསྟར་བྱས་ཏེ། ལོ་ནང་དུ་ཁྱིམ་ཚང་ཁྲི་གཉིས་དང་མི་ཁྲི་བདུན་སྟོང་བརྒྱད་གནས་སྤོར་བཀོད་སྒྲིག་བྱེད་པ་དང་། དབུལ་ཕོངས་རྫོང་དྲུག་དབུལ་ཕོངས་ལས་ཐར་བ་དང་དབུལ་ཕོངས་སྡེ་བ་བཞི་བརྒྱ་དབུལ་ཕོངས་ཀྱི་གྲས་ནས་འབུད་པ། ཡིག་ཚགས་བཙུགས་པའི་དབུལ་ཕོངས་མི་གྲངས་འབུམ་གཅིག་ཁྲི་གཅིག་གནད་ཕིགས་དབུལ་ཐར་བྱེད་རྒྱུ་ཁག་ཐེག་བྱས།
ད་ལོའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་མཐུན་སྦྱོར་འབད་བརྩོན་འོག གནད་ཕིགས་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་ལེགས་པོ་ཐོབ་པར་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ནས་བསྡོམས་པས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བཅའ་སྡོད་ལས་བྱེད་པ་སྟོང་བདུན་བརྒྱད་བརྒྱ་རེ་ལྔ་སྡེ་བར་མངགས་པ་དང་། ཏང་ཡོན་ལས་བྱེད་པ་འབུམ་གཅིག་ལྷག་གིས་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་ཁྲི་ལྔ་ལྷག་ལ་གྲོགས་བསྒྲིགས་ནས་རོགས་སྐྱོར་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས་ཏེ། དབུལ་ཕོངས་སྡེ་བར་སྡོད་པའི་ལས་བྱེད་རུ་ཁག་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འགན་འཁུར་མི་སྣ་ཡོད་པ་མངོན་འགྱུར་བྱས། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་བཟོ་སྐྲུན་ཆེན་པོ་བཅུ་འཕྲོ་རིམ་འཕྲོར་ལག་བསྟར་བྱེད་མགོ་བརྩམས་པ་དང་། རྫོང་ཉེར་དགུའི་ཁྱིམ་ཚང་ལ་དངོས་འབེབས་བྱས་པའི་ཐོན་ལས་ལས་གཞི་ལག་བསྟར་བྱེད་མགོ་བརྩམས། དབུལ་ཕོངས་སྡེ་བ་སོ་དགུའི་གནས་སྐོར་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། རྫོང་སོ་དྲུག་གི་སྡེ་བ་ལྔ་བརྒྱ་བདུན་དང་ཁྱིམ་ཚང་ཁྲི་གཅིག་སྟོང་བརྒྱད་ལྷག་གི་གནས་སྤོར་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས། དབུལ་ཕོངས་སྡེ་བ་སྟོང་གཅིག་དྲུག་བརྒྱ་ལྷག་གི་རོགས་སྐྱོར་མ་དངུལ་ཁ་ཚང་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། དངུལ་རྩའི་རོགས་སྐྱོར་གཙོ་སྒྲུབ་དངུལ་ཁང་སོ་སོ་ཞུགས་པའི་དབུལ་ཕོངས་ཁྱིམ་ཚང་དང་ཡིད་རྟོན་ཁྱིམ་ཚང་གི་དཔྱད་བསྡུར་གཏན་འབེབས་བྱ་བར་བདེ་བླག་ངང་སྐུལ་འདེད་བྱས་ཏེ། ཁྱིམ་ཚང་ཁྲི་བརྒྱད་སྟོང་དྲུག་ལ་གནད་ཕིགས་དབུལ་སྐྱོར་གྱི་དངུལ་རྩའི་ཞབས་ཞུ་ཡིག་ཚགས་བཙུགས།
ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་པ་དང་། འོས་འགན་སློབ་གསོའི་རྨང་གཞི་ཞན་པའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་པ། མཚོ་སྔོན་སློབ་ཆེན་ཚན་རྩལ་གླིང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་དང་མཚོ་སྔོན་སློབ་ཆེན་གྱི་དཔེ་མཛོད་ཁང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཚོད་ལྟའི་ཐོག་ཁང་། བོད་ལུགས་གསོ་རིག་གི་དངོས་སྦྱོང་སློབ་ཁྲིད་ཐོག་ཁང་སོགས་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས།
2016ལོའི་དཔྱིད་ཀའི་སློབ་མགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཡོངས་སུ་མཁར་གྲོང་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་བཙུགས་ཏེ། ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་སློབ་སྔོན་གྱི་ལོ་གསུམ་དང་འོས་འགན་སློབ་གསོའི་ལོ་དགུ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་གསུམ་བཅས་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་ཤིང་། སྐོར་ཐེངས་དང་པོའི་སློབ་མ་འབུམ་བརྒྱད་ཁྲི་དྲུག་སྟོང་གཅིག་ལ་ཕན་ཁེ་ཐོབ། གཞན་ཡང་། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་འཛུགས་སྐྲུན་ལས་གཞི་བཞི་བརྒྱ་དང་གསུམ་དངོས་འབེབས་བྱས་པ་དང་། དེའི་ཁྲོད་ཀྱི་ལས་གཞི་སུམ་བརྒྱ་དང་དྲུག་ལས་མགོ་བརྩམས་ཡོད། མིག་སྔར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་ལས་གྲུབ་ནས་བཀོལ་སྤྱོད་བྱེད་བཞིན་ཡོད།
རྣམ་པ་གསར་བའི་ཐོན་ལས་གྱི་ལས་ཞུགས་ལས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། མཁར་གྲོང་གི་ངལ་རྩོལ་པ་ཁྲི་བརྒྱད་ཀྱི་ནུས་རྩལ་གསོ་སྦྱོང་ཡོངས་འགྲུབ་བྱས་པ་དང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཐེངས་ས་ཡ་གཅིག་ལྷག་གི་སྤོ་བསྒྱུར་ལས་ཞུགས་མངོན་འགྱུར་བྱས་ཤིང་། མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་དྲུག་གསར་དུ་འཕར་སྣོན་བྱུང་བ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཀར་ཚུད་ཚད་བརྒྱ་ཆའི་གྱ་ལྔ་ཡན་དུ་བསླེབས། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་དུ་ཚོད་འཛིན་བྱས།
ད་ལོར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ནུས་ཡོད་བྱེད་ཐབས་སྤྱད་དེ་ལས་ཞུགས་ལས་སྐྲུན་བྱ་བ་དམ་འཛིན་བྱས། ད་ལོའི་ལོ་སྟོད་ཀྱི་བར། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཐེངས་འབུམ་དགུ་ཁྲི་གཉིས་ལྷག་སྤོ་བསྒྱུར་ལས་ཞུགས་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་གྱ་བདུན་ལྷག་ཡོངས་འགྲུབ་བྱས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་གསུམ་ལྷག་གསར་དུ་འཕར་སྣོན་བྱུང་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་རེ་བཞི་ལྷག་ཡོངས་འགྲུབ་བྱས། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་གསུམ་ལྷག་ཏུ་བསླེབས་ཏེ། དུས་ཡུན་ལོ་ཕྱེད་ཀྱི་ནང་ལས་འགན་ཕལ་ཆེར་མངོན་འགྱུར་བྱས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་འོག ཞིང་ཆེན་ཡོངས་ཀྱིས་སྲིད་ཇུས་དངོས་འབེབས་དང་ལས་ཤོར་གནད་དོན་ཐག་གཅོད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས། ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས། ལས་སྐྲུན་སྣེ་ཁྲིད་ལས་ཞུགས་བཅས་བྱ་བ་ལྔ་དམ་འཛིན་ལེགས་པོ་བྱས།
ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་དང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་མ་དངུལ། མ་མཐའི་འཚོ་བ་འགན་སྲུང་། ལོ་ལོན་གྱི་ཁ་གསབ་སོགས་ཁ་གསབ་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས། ནོར་སྲིད་ཀྱིས་རོང་འབྲོག་མང་ཚོགས་ལ་ཐད་ཀར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ཚད་གཞི་ཇེ་མཐོར་གཏོང་བ། རོང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གིས་ཞིང་བའི་སྤྲོ་ཁྱིམ་དང་དྲ་ལམ་ཚོང་ར་འབྱེད་པར་ཁ་གསབ་བྱས་ཏེ། ནུས་ཡོད་སྒོས་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱས།
ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་དེ་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་དགུ་ལྷག་འཕར་ཏེ། རྒྱལ་ཡོངས་ཀྱི་ཨང་དྲུག་པ་དང་ནུབ་རྒྱུད་ཀྱི་ཨང་དྲུག་པ་ཟིན།
ཁྱོན་ཡོངས་ནས་ལས་ཁུངས་ལས་དོན་སྡེ་ཁག་གི་རྒན་གསོ་ཉེན་ཚབ་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས་པ་དང་། ཁེ་ལས་ལས་བཟོ་བའི་རྒན་གསོ་ཉེན་ཚབ་དང་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་ཞིང་། སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ཏེ། ཞིང་སྡེའི་དབུལ་སྐྱོར་དང་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་གཅིག་གྱུར་གྱིས་མཐུན་སྦྱོར་བྱས།
ད་ལོར། ཞིང་ཆེན་ཡོངས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་མ་དངུལ་དེ་ཟླ་རེར་ཆ་སྙོམས་ཀྱིས་མི་རེར་སྒོར་བཅོ་ལྔ་འཕར་སྣོན་བྱས་ཏེ། སྒོར་ཆིག་བརྒྱ་བཞི་བཅུར་བསླེབས་པ་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་མ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་སུམ་ཅུ་ཇེ་མཐོར་བཏང་ཏེ། སྒོར་བཞི་བརྒྱར་བསླེབས། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་མ་དངུལ་དེ་ལོ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་ལྔ་བརྒྱ་བདུན་ཅུ་ཇེ་མཐོར་བཏང་ཏེ། སྒོར་སྟོང་གཉིས་དགུ་བརྒྱ་བདུན་ཅུར་བསླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་མི་འབུམ་བཞི་ཁྲི་དགུའི་གཞི་རྩའི་འཚོ་བ་འགན་སྲུང་བྱས། དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་ལམ་ལུགས་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དོན་གཅིག་གི་འཛིན་ཡིག་ཡོད་པའི་དབང་བོ་སྐྱོན་ཅན་གྱིས་འཚོ་བའི་ཁ་གསབ་ལོངས་སུ་སྤྱད་པ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། དབང་བོ་སྐྱོན་ཅན་གྱིས་གཞི་རྩའི་རྒན་གསོ་ཉེན་ཚབ་དང་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་སྒེར་གྱིས་སྤྲོད་པའི་རོགས་དངུལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།
གཞན་ཡང་། ད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཤོར་མི་སྣའི་ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་དེ་ད་ལྟའི་ཚད་གཞི་ཡི་རྨང་གཞིའི་སྟེང་། མི་རེར་ཟླ་རེར་སྒོར་སུམ་བརྒྱ་དང་ལྔ་བཅུ་འཕར་སྣོན་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས1986ལོར་ལས་ཤོར་ཉེན་ཚབ་ལམ་ལུགས་བཙུགས་པའི་ཚུན་གྱི་ལེགས་སྒྲིག་ཐེངས་བཅུ་གཅིག་པ་ཡིན་ལ། «ལས་ཤོར་ཉེན་ཚབ་སྲོལ་ཡིག»ལག་བསྟར་བྱས་པའི་དུས་མགོའི་ཚད་གཞི་ལས་ལྡབ་དགུ་ཙམ་འཕར།
མུ་མཐུད་དུ་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྨན་ཁང་གྲགས་ཅན་དང་ཚན་ཁག་གྲགས་ཅན། སྨན་པ་གྲགས་ཅན་བཅས་ཤེས་ཡོན་ཅན་སྐྱེན་སྲིང་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཕྱོགས་ཀྱི་ཆེད་ལས་ལག་རྩལ་པ་ཁྲི་གཅིག་སྐྱེད་སྲིང་བྱས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་སུམ་ཅུའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྨན་བཅོས་སྒྲིག་གཞི་གསར་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས། རིམས་ནད་ཚབས་ཆེན་དང་ས་གནས་རང་བཞིན་གྱི་ནད་ཡམས་འགོག་བཅོས་བྱ་བར་ཤུགས་བསྣན་པ་དང་། རོང་འབྲོག་ཁུལ་གྱི་བུད་མེད་ཀྱི་སྐྲན་ནད་གཉིས་ལ་ཞིབ་བཤེར་དང་སྨན་བཅོས་རོགས་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་།
ད་ལོར། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་ཤུགས་མཐོར་འདེགས་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་མི་དམངས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་ཆེད། རྒྱལ་ཁབ་ཀྱིས་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་ཏེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྨན་ཁང་གཉིས་པ་དང་ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྱིས་ནད་བརྟག་བཅོས་ལྟེ་གནས་སོགས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྨང་གཞི་སྒྲིག་ཆས་ཞན་པ་དང་ལས་སྒོའི་ཁང་བ་མི་འདང་བའི་གནད་དོན་ཐག་བཅད། དུས་མཚུངས་སུ། བོད་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བཏང་ཏེ། མཚོ་སྔོན་བོད་ཁུལ་དུ་ད་ལོར་འཛུགས་སྐྲུན་བྱས་པའི་རྫོང་རིམ་པའི་སྨན་ཁང་གསུམ་དང་ཞང་གྲོང་སྨན་ཁང་ལྔ། རྫོང་རིམ་པའི་མ་བུ་བདེ་སྲུང་ས་ཚིགས་གཉིས། རྫོང་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་བཞིའི་ལས་གཞི་སོགས་ལ་མ་དངུལ་ཁ་ཚང་བཀོད་སྒྲིག་བྱས།
ད་ལོར་མཁར་གྲོང་གི་ཁང་རྙིང་ས་ཁུལ་བསྒྱུར་བཀོད་དང་གཞུང་གི་བོགས་གཏོང་ཁང་བ་ཁྲི་བརྒྱད་དང་སྟོང་དྲུག་འཛུགས་སྐྲུན་བྱེད་པའི་འཆར་གཞི་བཀོད་དེ། ཁང་རྙིང་ཅན་གྱི་སྡོད་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱས་ཤིང་། རོང་འབྲོག་མང་ཚོགས་མཁར་གྲོང་དུ་གཏན་སྡོད་བྱེད་པར་སྐུལ་མ་བཏང་། རོང་འབྲོག་ཁྱིམ་ཚང་ཁྲི་དྲུག་སྟོང་ལྔའི་ཁང་རྙིང་བསྒྱུར་བཀོད་བྱས།
ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁང་རྙིང་ས་ཁུལ་བསྒྱུར་བཀོད་ལས་གཞི་ཆིག་བརྒྱ་ཞེ་གཅིག་ལག་བསྟར་བྱས་ཤིང་། ད་ལོའི་ཟླ་ལྔ་བའི་ཟླ་མཇུག་གི་བར། ཞིང་ཆེན་ཡོངས་སུ་སྡོད་ཁང་ཁྲི་གསུམ་ལྷག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། དེའི་ནང་ནས་སྡོད་ཁང་ཁྲི་གཅིག་ལྷག་ལས་གྲུབ་ནས་ཁྱིམ་ཚང་སྟོང་དགུ་ལྷག་སྡོད་ཁང་གསར་བའི་ནང་སྤར། རོང་འབྲོག་པའི་ཁང་རྙིང་བསྒྱུར་བཀོད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། ད་ལོའི་ཟླ་བདུན་པའི་ཟླ་མཇུག་གི་བར། སྡོད་ཁང་ཁྲི་གཉིས་ལྷག་ལས་གྲུབ་་ཏེ། བརྒྱ་ཆའི་སོ་གཅིག་ཏུ་བསླེབས།
མང་ཚོགས་ཀྱི་རིག་གནས་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཁྱིམ་ཚང་རེ་རེར་རྒྱང་སྒྲོག་བརྙན་འཕྲིན་ཁེབས་པའི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ཏེ། སྲིད་འཛིན་སྡེ་བ་ལྔ་བཅུར་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུས་སྐྲུན་བྱས། སྲིད་གཞུང་གིས་ཁྱོན་ཡོངས་ནས་སྤྱི་པའི་རིག་གནས་ཞབས་ཞུ་མཐོར་འདེགས་གཏོང་བའི་བྱ་བ་ལག་བསྟར་བྱས་ཤིང་། སྲིད་འཛིན་སྡེ་བ་བཞི་བརྒྱར་རིག་གནས་ཁྱིམ་ཚང་རེ་རེར་སྤེལ་བའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྲིད་འཛིན་སྡེ་བ་ལྔ་བཅུར་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས།
ད་ལོར། རྒྱལ་ཁབ་ཀྱིས2016ལོའི་གསར་འགྱུར་དཔེ་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་བྱེ་བ་བདུན་ས་ཡ་ལྔ་ལྷག་དངོས་འབེབས་བྱས་ཏེ། གཙོ་བོ་རྒྱང་སྒྲོག་བརྙན་འཕྲིན་གྱི་སྐུད་མེད་བརྡ་གཏོང་ས་ཚིགས་དང་དབུལ་ཕོངས་ས་ཁུལ་གྱི་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ཐད་གཏོང་ནུས་ཤུགས་དང་གསར་འགྱུར་དཔེ་སྐྲུན་སོགས་འཛུགས་སྐྲུན་ལས་གཞི་ཞེ་བཞིར་རྒྱབ་སྐྱོར་བྱས། གཞན་ད་རུང་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་སྒྲ་སྡུད་འཕྲུལ་ཆས་ཁྲི་གཅིག་སྟེར་བ་དང་། རོང་འབྲོག་མང་ཚོགས་ལ་གློག་བརྙན་ཐེངས་ཁྲི་ལྔ་ལྷག་སྟོན་པའི་ལས་འགན་ཡོངས་འགྲུབ་བྱས། ཞང་གྲོང་ཆིག་བརྒྱ་གོ་དྲུག་ལ་ལུས་སྦྱོང་ཐང་ཆེན་ལས་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྲིད་འཛིན་སྡེ་བ་ཆིག་སྟོང་ལ་ལུས་སྦྱོང་བྱེད་སའི་བཟོ་སྐྲུན་ལག་བསྟར་བྱས་པ། སྡོད་ཁུལ་ཉིས་བརྒྱ་སུམ་ཅུར་ལུས་སྦྱོང་བྱེད་ས་འཛུགས་སྐྲུན་བྱས་ཏེ། ལུས་སྦྱོང་ཐང་ཆེན་ཞང་གྲོང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།
ཁྱོན་ཡོངས་ནས་རྒན་གསོ་ཞབས་ཞུ་རྒྱ་བསྐྱེད་དེ། ལོ་ལོན་རྒན་པའི་ཟླ་རེའི་མི་རེའི་ཆ་སྙོམས་འཚོ་བའི་ཁ་གསབ་ཚད་གཞི་སྒོར་ཉི་ཤུ་ཇེ་མཐོར་བཏང་ཏེ། སྒོར་དགུ་བཅུ་ནས་སྒོར་ཆིག་བརྒྱ་དྲུག་ཅུར་བསླེབས། རྒན་གསོ་ཞབས་ཞུ་སྒྲིག་བཀོད་ཉེར་བདུན་འཛུགས་སྐྲུན་བྱས་ཏེ། རྒན་གསོ་ཁང་གི་མལ་ཁྲི་སྟོང་གཅིག་གསར་དུ་འཕར་སྣོན་བྱས།
ལོ་སྟོད་དུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་སྲིད་སྡེ་ཁག་དང་མཉམ་དུ་ལོ་འཁོར་གྱི་འཛུགས་སྐྲུན་ཇུས་གཞི་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲིད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་དངོས་འབེབས་བྱས་ཏེ། གཙོ་བོ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཕིན་ཅ་ཀྲེ་གྲོང་རྡལ་གྱི་རྒན་གསོ་ཁང་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཆུ་ཁོག་ཞང་གི་རྒན་གསོ་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མཁར་ལྷོ་སྡོད་ཁུལ་གྱི་ལོ་ལོན་བདག་སྐྱོང་ལྟེ་གནས་སོགས་རྒན་གསོ་ཞབས་ཞུ་ལྟེ་གནས་བཅུ་དྲུག་དང་། མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་རྫོང་གི་བྱིས་པའི་ཕན་བདེ་ཁང་སོགས་ཕན་བདེ་ཞབས་ཞུ་ལྟེ་གནས་གསུམ་བཅས་འཛུགས་སྐྲུན་བྱེད་པར་བཀོལ།
ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱས་ཏེ། ལོ་ནང་དུ་གློག་དྲ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་ལྟ་སྐུལ་ཚད་ལེན་ལྟེ་གནས་ཞེ་དྲུག་བཙུགས་པ་དང་། འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་འཐུང་ཆུ་མཁོ་འདོན་ཁག་ཐེག་དང་འཐུང་ཆུའི་སྤུས་ཚད་ཚད་གཞིར་བསླེབས་པར་ཁག་ཐེག་བྱས།
ད་ལོའི་ཟླ་བདུན་པའི་ཟླ་མཇུག་གི་བར། མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་སུམ་བརྒྱ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། འཛུགས་སྐྲུན་ལས་གཞི་སྣ་ཚོགས་ཆིག་སྟོང་སུམ་བརྒྱ་བཅུ་དྲུག་ཏུ་བསླེབས། ཟི་ལིང་དང་མཚོ་ཤར། མགོ་ལོག ཡུས་ཧྲུའུ་སོགས་ས་ཁུལ་གྱི་སྡེ་བ་རེ་དགུའི་འཆར་འགོད་ཡོངས་འགྲུབ་བྱས། མཛེས་སྡུག་གི་ཞིང་སྡེ་སོ་གསུམ་འཛུགས་སྐྲུན་ཁྲོད་རོང་འབྲོག་ཁྱིམ་ཚང་ཆིག་ཁྲི་སུམ་སྟོང་ལྷག་གི་ཁང་རྙིང་བསྒྱུར་བཀོད་ལག་བསྟར་བྱས་ཏེ། ཁང་རྙིང་བསྒྱུར་བཀོད་ལས་འགན་གྱི་བརྒྱ་ཆའི་ཉི་ཤུ་ལྷག་ཟིན།
ད་ལོའི་ལོ་འགོར་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་། «སྲིད་གཞུང་བྱ་བའི་སྙན་ཞུ»ལས2016ལོའི་དམངས་ཚིས་དོན་དངོས་བཅུ་ཁྱབ་བསྒྲགས་བྱས། ལོ་སྟོད་དུདམངས་ཚིས་ཐད་གྲུབ་འབྲས་ཉམས་དགའ་བ་བླངས་རུང་། ལོ་སྨད་ཀྱི་བྱ་བར་ད་རུང་སྔར་བཞིན་འབད་བརྩོན་བྱེད་དགོས། དམངས་ཚིས་ལེགས་བཅོས་ཐད་ད་རུང་ས་ཁོངས་འཕེལ་རྒྱས་དོ་མཉམ་མིན་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་མི་འདང་བ། དབུལ་ཐར་མཁྲེགས་གཏོར་ལས་འགན་ལྕི་བ་སོགས་ཀྱི་གནད་དོན་གནས་ཡོད་པས། མུ་མཐུད་དུ་དམངས་ཚིས་དོན་དངོས་བཅུ་གཙོ་གནད་དུ་བཞག་ཏེ། བརྒྱ་ཆའི་དོན་ལྔ་ཡས་མས་ཀྱི་ནོར་ཤུགས་གཅིག་བསྡུས་བྱས་ནས། ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་དང་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྟོབས་ཤུགས་ཡོད་དགུས་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བ། འབད་བརྩོན་སྒོས་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པ། རྒྱུན་ཆད་མེད་པར་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། ལོ་འགོར་བཏོན་པའི་འཆར་གཞི་རེ་རེ་བཞིན་ཡོངས་འགྲུབ་བྱེད་དགོས། དོན་ངོ་མའི་ཐོག་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་ཚིས་དེ་གོ་གནས་དང་པོར་བཞག་ནས། བྱ་སྤྱོད་དངོས་ཀྱིས་དམངས་ཚིས་དོན་དངོས་བཅུ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།
ལོ་ཙཱ་བ།སྒྲོལ་མ་སྐྱིད།