མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་མི་མངོན་པའི་ཤུགས་ཀྱང་སྐྱེ་ཁམས་རེད། དོན་དངོས་ལ་དམིགས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཇི་ལྟར་བྱེད་པ་དང་། ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་ནི་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དམིགས་སུ་འཛིན་པའི་འདུ་ཤེས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་བྱེད་པའི་འཐབ་ཇུས་ཀྱི་གདམ་ཀ་རེད།
རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་འགག་སྒྲོལ་གསར་པ་བླངས་པ།
དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར། འབྲོག་ཁུལ་གྱི་མི་འབོར་འཕར་བ་དང་། ཕྱུགས་ཟོག་འཕར་སྣོན་བྱུང་བ་དང་བསྟུན། རྩྭ་ཕྱུགས་ཀྱི་འགལ་བ་ཇེ་དྲག་ཏུ་གྱུར་ཏེ་རང་ཞིང་གི་བརྒྱ་ཆའི་དགུ་བཅུའི་ཡན་གྱི་རྩྭ་ཐང་ལ་ཞན་འགྱུར་ཚབས་ཆེན་བྱུང་བས། རྩྭ་ཐང་གི་ཕྱུགས་ལས་མུ་མཐུད་དུ་འཕེལ་རྒྱས་འབྱུང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་ཉེན་ཁ་བཟོས།
རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཕྱུགས་བསྐྱུར་རྩྭ་སྐྱོང་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། དེ་མིན་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ཆེན་པོ་ལག་བསྟར་བྱས་ཏེ། གཞི་རྩའི་རྩྭ་ཐང་གཏན་འཁེལ་བྱས་ཤིང་རྩྭ་ཐང་འགན་གཙང་ལེན་དངོས་འབེབས་བྱས་པ་དང་། འགན་གཙང་ལེན་བྱས་པའི་བདག་གཉེར་དཔང་ཡིག་དང་བཀོལ་སྤྱོད་དཔང་ཡིག་བཀྲམ་པར་མ་ཟད། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་སོགས་ལམ་ལུགས་དང་ལག་བསྟར་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ། རྒྱལ་ཡོངས་སུ་ཐོག་མར་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་བྱ་དགའ་སྤྲོད་པ་དེ་སྲུང་སྐྱོབ་འགན་ཁུར་དང་སྲུང་སྐྱོབ་ཕན་འབྲས་གཉིས་དང་སྦྲེལ་བའི་ཚོད་ལྟ་བྱས།
ལོ་མང་པོའི་རིང་ལ། རང་ཞིང་གིས་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལ་དམིགས་ཏེ། སྔ་གཞུག་ཏུ་རང་བྱུང་རྩྭ་ཐང་སྟེང་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་དོ་དམ། རྩྭ་ཐང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྐོར་རྒྱུག དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ། རྩྭ་ཐང་གི་སྐྱེ་ཁམས་ལྟ་སྐྱོང་བར་དོ་དམ། རྩྭ་ཐང་འགན་གཙང་ལེན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གཞི་རྩའི་རྩྭ་ཐང་གཏན་འཁེལ་བྱེད་པ་སོགས་བྱེད་ཐབས་དང་ལམ་ལུགས་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ། ཁྲིམས་ལྟར་རྩྭ་ས་སྲུང་སྐྱོབ་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས།
ད་ལོའི་སྡོམ་རྩིས་གྲངས་ཀ་ལྟར་ན། རྩྭ་ཐང་གི་སྔོ་ཁེབས་ཚད2005ལོ་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་བརྒྱད་ཇེ་མཐོར་སོང་སྟེ་ཁེབས་ཚད་རྒྱ་ཁྱོན་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་གསུམ་ལ་སླེབས། ས་མུའུ་རེ་ནས་ཕྱུགས་རྩྭ་ཐོན་ཚད་ཆ་སྙོམས་བྱས་ན་བརྒྱ་ཆའི་ཉེར་དྲུག་ཡས་མས་ཇེ་མཐོར་སོང་ཞིང་། སྤུས་ལེགས་ཕྱུགས་རྩྭ་སྔོན་ཆད་ལས་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་དགུ་གཉིས་ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་གཏན་སྡོད་ཁང་གསར་ནང་གནས་སྤར་བ་དང་། འབྲོག་པ་ཁྱིམ་ཚང་ཧ་ལམ་ཁྲི་དྲུག་དང་སྟོང་དགུ་ལྷག་གིས་སྦྲ་གུར་དང་ལྕགས་ཐབ། བརྙན་འཕྲིན་སོགས་དེང་རབས་ཀྱི་སྒྲིག་བཀོད་བེད་སྤྱོད་བྱས་ཟིན།
རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་སྟངས་བསྒྱུར་བའི་ཐད་འཕེལ་རྒྱས་གསར་བ་མངོན་འགྱུར་བྱུང་བ།
2008ལོ་ནས་བཟུང་། རང་ཞིང་གིས་རྒྱལ་ཡོངས་སུ་ཐོག་མར་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། སྒྲིག་སྲོལ་དང་ནང་རྐྱེན་སྟེང་ནས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་རྙེད། ཞིང་ཆེན་ཡོངས་སུ་བཙུགས་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སྟོང་གཅིག་ཉིས་བརྒྱ་ཉེར་བརྒྱད་དེ་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཚང་མར་ཁེབས། རང་བྱུང་རྩྭ་ཐང་དེ་མཉམ་ལས་ཁང་དང་ཡང་ན་གསོ་སྤེལ་ར་བར་སྤར་ནས་སྤྱིལ་ཁང་དུ་གསོ་བའི་ཕྱུགས་ཟོག་ས་ཡ་གསུམ་དང་འབུམ་གཉིས་ཁྲི་བཞི་སྟོང་བརྒྱད་ལ་སླེབས།
མཉམ་ལས་ཁང་ཧྲིལ་བསྡུས་བྱས་པ་དང་རྩྭ་ཐང་སྐོར་རྒྱུག་བྱེད་པའི་ནང་རྐྱེན་གསར་སྐྲུན་བྱས་ཏེ། ཕྱུགས་ཁྱུ་མི་འདྲ་བ་ལྟར་བསྐྱར་དུ་ཕྱུགས་འཚོ་ས་བགོས་ནས་རེས་སྐོར་གྱིས་འཚོ་བཞིན་ཡོད། རྩལ་ནུས་ལྟར་ངལ་རྩོལ་པ་བགོས་པ་དང་། ཕྱུགས་འཚོ་སྐྱོང་ལ་མཁས་པ་རྣམས་བདམས་ནས་ཕྱུགས་འཚོ་རུ་བཅུག་ཅིང་། བདག་གཉེར་ཉམས་མྱོང་ཡོད་པ་རྣམས་བདམས་ནས་མཉམ་ལས་ཁང་སྒྲུབ་ཏུ་བཅུག ངལ་རྩོལ་པ་ལྷག་མ་རྣམས་ཐོན་ལས་གཉིས་པ་དང་གསུམ་པར་ཞུགས་སུ་བཅུག་པ་དང་། དེ་མིན་ནོར་སྲིད་མ་དངུལ་ཧྲིལ་བསྡུས་བྱས་ནས་ཕྱུགས་གསོ་དྲོད་ཁང་དང་རྒྱུད་བཟང་ཕྱུགས་ཟོག མིས་བཏབ་པའི་གཟན་རྩྭའི་རྟེན་གཞི། རྩྭ་ཐང་དུ་ལྕགས་དྲ་སྐོར་བ། རིམས་འགོག་སྨན་ཁབ་རྒྱག་པའི་ར་སྐོར་སོགས་འཛུགས་སྐྲུན་བྱས་པས། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས་ལ། མ་དངུལ་བཀོལ་བའི་ལས་ཆོད་ཀྱང་ཇེ་མཐོར་བཏང་བ་རེད། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།