ཉེ་ལམ། ཞིང་ཆེན་ཡོངས་སུ་སྐོར་གསར་བའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་གཏིང་ཟབ་ཏུ་དངོས་འབེབ་བྱེད་པའི་བརྙན་འཕྲིན་གྲོས་ཚོགས་བསྡུས་པ་དང་། དེས་སྐོར་གསར་བའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ཏེ་རང་ཞིང་དུ་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད།
སྐོར་གསར་བའི་སྲིད་ཇུས་ལག་བསྟར་བྱས་པས། རང་ཞིང་གིས“རྩྭ་སའི་ཁ་གསབ་མ་དངུལ་ཁྱིམ་ཚང་དུ་སྟེར་བ”དམིགས་ཏེ། “དངུལ་བྱང་གཅིག་ཆོད་མ”བཀོལ་ནས་ཁ་གསབ་མ་དངུལ་དུས་ལྟར་ཁྱིམ་ཚང་དུ་སྟེར་བ་དང་། “ཕྱོགས་ཡོངས་ནས་རྩྭ་སའི་ཁ་གསབ་སྲིད་ཇུས་ལས་འབྲས་དོ་དམ”གྱི་གཙོ་གནད་འབུར་དུ་བཏོན་ནས། གཟབ་ནན་སྒོས་རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་འབེབ་བྱས་པའི་ལས་འབྲས་དཔྱད་ཞིབ་དང་ལྟ་སྐུལ་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། རིམ་བཞིན་ལས་འབྲས་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་བཙུགས་པ་དང་། དཔྱད་ཞིབ་ཀྱི་ཚད་གཞི་ཞིབ་ཚགས་སུ་བཏང་། “ལྟ་སྐུལ་ཞིབ་བཤེར་ཚད་ལྡན་དུ་བཏང་སྟེ། སྲིད་ཇུས་ལ་ཕན་འབྲས་དངོས་ལེན་པ་ཁག་ཐེག་བྱ་དགོས”པའི་གཙོ་གནད་དམ་འཛིན་བྱས་ནས། ཞིང་ཆེན་དུ་སྐོར་ཞིབ་བྱེད་པ་དང་ཁུལ་དུ་འཐེན་ཞིབ་བྱེད་པ། རྫོང་དུ་རང་བཤེར་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས། མཐར་འཇུག“ཕྱུགས་འགོག་པ་དང་ཕྱུགས་གསོ་བ་མི་འགོག་པ། ཕྱུགས་ཇེ་ཉུང་དུ་གཏོང་བ་དང་ཡོང་སྒོ་ཇེ་ཉུང་དུ་མི་གཏོང་བའི”དམིགས་འབེན་མངོན་འགྱུར་བྱས།
སྐོར་གསར་བའི་རྩྭ་སའི་ཁ་གསབ་སྲིད་ཇུས་ལ་ཕན་འབྲས་ལྡན་ཚེ། ཉམས་མྱོང་དང་བྱེད་ཐབས་ལ་དཔེ་ལྟ་བྱེད་ཆོག
2011ལོར་རྩྭ་སའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་ལ། རང་ཞིང་གི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་མགྱོགས་མྱུར་སྒོས་སླར་གསོ་ཐོབ་པ་དང་། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་སྒོས་བསྒྱུར་བས། འབྲོག་པའི་ཡོང་སྒོ་ལ་འཕར་སྣོན་ཆེན་པོ་བྱུང་། ལོ་ལྔའི་རིང་ལ། ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱས་ཏེ། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་སྲིད་ཇུས་དངོས་འབེབ་ལ་དམ་འཛིན་བཟང་བོ་བྱས། རྩྭ་སའི་ཁ་གསབ་སྲིད་ཇུས་ཏེ་དམངས་ཕན་དང་མི་དམངས་འབྱོར་ཕྱུག་གི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། རྩྭ་སའི་ཁ་གསབ་སྲིད་ཇུས་ཏེ་ཞིང་བའི་ཁ་གསབ་ཀྱི་གཙོ་གནད་དང་སྤུས་ལེགས་ཐོན་རྫས་སུ་འགྱུར་དུ་བཅུག
ལོ་ལྔའི་རིང་ལ། རང་ཞིང་གིས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་གསུམ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་དགུས་རྩེ་གྲས་འཆར་འགོད་ལ་ཤུགས་སྣོན་པ་དང་། གཞུང་ལུགས་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་བྱེད་པའི་རྨང་གཞིའི་སྟེང་། རྩྭ་སའི་ཁ་གསབ་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་དང་དམིགས་འབེན་འགན་འཁྲི། དངོས་འབེབ་བྱེད་ཐབས་བཅས་གསལ་བོ་བྱས། ནང་དོན་འཆར་འགོད་ཀྱི་ཐད་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ལ་བསམ་གཞིགས་བཏང་ཡོད་པ་མ་ཟད། འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་དང་འབྲོག་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱེད་པ་ཡང་ལྟ་རྟོག་བྱས་ཡོད། འགན་འཁྲི་དངོས་འབེབ་ཀྱི་ཐད་སྲིད་ཇུས་ལག་བསྟར་གྱི་རྙོག་འཛིང་རང་བཞིན་ལ་བསམ་གཞིགས་བཏང་ཡོད་པ་མ་ཟད། འགན་འཁྲི་དངོས་འབེབ་ཀྱི་ལག་བསྟར་ལ་ལྟ་སྐུལ་བྱས་ཡོད། ནང་དོན་སོ་སོ་དང་གནད་འགག་རེ་རེར་འབྲེལ་མཐུད་དང་ཕན་ནུས་ཡོད་པའི་སྒོ་ནས་ཁ་གསབ་བྱས་པས། སྲིད་ཇུས་ཁ་ཕྱོགས་གསལ་བོ་ཡིན་པ་དང་། ནང་དོན་འཆར་འགོད་འོས་མཐུན་ཡིན་པ། བྱེད་ཐབས་དངོས་འབེབ་བཅས་བྱས་ཆོག
དེ་དང་ཆབས་ཅིག སྲིད་ཇུས་ལག་བསྟར་གྱི་མཛུབ་སྟོན་བསམ་འཆར་དང་། ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས་དང་ལས་འབྲས་དཔྱད་ཞིབ་བྱེད་ཐབས་ཞིབ་འཇུག་གཏན་འཁེལ་བྱས་པ་དང་། ཁ་གསབ་སྲིད་ཇུས་དངོས་འབེབ་ཀྱི་དམིགས་འབེན་དང་འགན་འཁྲི། མ་དངུལ་བཅས་ཁུལ་དུ་ཐོན་པའི་སྤྱིའི་རེ་བ་གཏན་འཁེལ་བྱས། འགན་འཁྲི་དངོས་འབེབ་དང་ཁ་གསབ་སྟེར་བ། ཞབས་ཞུའི་མཛུབ་སྟོན། ཡིག་ཚགས་འཛུགས་པ། ལྟ་སྐུལ་དོ་དམ་སོགས་ཁྱིམ་ཚང་དུ་ཐོན་པའི་བྱ་བའི་ཚད་གཞི་བཏོན། འབྲོག་པའི་ཁ་གསབ་བྱ་དགའི་མ་དངུལ་གྱི་མ་དངུལ་དེ་ཚད་མཐོ་བ་དང་ཚད་དམའ་བ་གཉིས་ཟུང་འབྲེལ་བྱས། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་ཁ་གསབ་མ་དངུལ་མཐོ་དྲགས་པ་ཁྱིམ་ཆེན་གྱིས་བཀོལ་བ་ལས་གཡོལ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཁ་གསབ་མ་དངུལ་དམའ་དྲགས་པས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་བཟོ་བ་བཀག་འགོག་བྱེད་ཐུབ། མ་དངུལ་སྟེར་བར་འབྲོག་པས་སྙན་ཞུ་འབུལ་བ་དང་། སྡེ་བ་རིམ་པའི་ཁྲོམ་བསྒྲགས་བྱེད་པ། སྲིད་གཞུང་གིས་ཞིབ་བཤེར་དངོས་འབེབ་བྱེད་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་དང་ཐེར་འདོན་བྱེད་པ་ལག་བསྟར་བྱས་ན། “འདྲ་མཉམ་དང་དྲང་བདེན། དྲང་བཞག”གི་བྱ་བ་སྒྲུབ་ཐུབ་ལ། སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པ་འགན་སྲུང་བྱེད་ཐུབ།
སྐོར་དང་པོའི་སྲིད་ཇུས་ལག་བསྟར་བྱེད་པའི་དུས་སྐབས་སུ། རང་ཞིང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྩྭ་སའི་དོ་དམ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་བྱ་བ་སྤེལ་བ་དང་། གྲུབ་འབྲས་དཔྱད་ཞིབ་དོ་དམ་སོགས་གསར་སྐྲུན་འཚོལ་ཞིབ་བྱས་པས། སྲིད་ཇུས་ཕན་ནུས་ཡོད་པའི་ལག་བསྟར་བྱེད་པ་ཡར་སྐུལ་བྱས་པ་མ་ཟད། རྒྱལ་ཡོངས་སུ་ཉམས་མྱོང་འདོན་སྤྲོད་བྱས་པ་དང་། དཔེ་མཚོན་བསྐྲུན་པས། ལོ་རེའི་ལས་འབྲས་དཔྱད་ཞིབ་ཀྱི་ཁྲོད་སྔོན་གྲལ་དུ་སླེབས་ཡོད། རྩྭ་སའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། ད་དུང་རྣམ་པ་སྣ་ཚོགས་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་སྲིད་ཇུས་དྲིལ་སྒྲོག་དང་བརྟག་དཔྱད་ཞིབ་འཇུག་ལ་མཛུབ་སྟོན་བྱས་པ་དང་། རྩྭ་སའི་ཁ་གསབ་སྲིད་ཇུས་ཀྱི་ནང་དོན་དང་ལག་བསྟར་ཐབས་ལམ་སོགས་གསལ་བོ་བྱས་ཏེ། རྩྭ་སའི་ཁ་གསབ་སྲིད་ཇུས་ཁྱིམ་ཚང་རེ་རེར་ཤེས་སུ་བཅུག་པས། མང་ཚོགས་རང་འགུལ་སྒོས་ཟབ་ཞུགས་བྱེད་པ་དང་སྲིད་ཇུས་དངོས་འབེབ་ལ་རྒྱབ་སྐྱོར་བྱེད་པའི་ཧུར་བརྩོན་རང་བཞིན་ལ་ཡར་སྐུལ་བྱས།
ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་འོག རང་ཞིང་གིས་ཁ་གསབ་སྲིད་ཇུས་ཀྱི་ཆ་འཕྲིན་དོ་དམ་མ་ལག་གསར་སྤེལ་བྱས་པ་དང་། དུས་ཐོག་ཏུ་ཁ་གསབ་མ་དངུལ་ལེགས་འགྲུབ་བྱུང་ཚད་ཡང་དག་པའི་བཀོད་གཏོང་བྱས་པས། བྱ་བའི་གོ་རིམ་ཡོངས་ལ་དོ་དམ་ལེགས་པོ་བྱེད་ཐུབ་པ་མངོན་འགྱུར་བྱུང་། རྣམ་པ་མང་པོའི་སྲིད་ཇུས་ལག་བསྟར་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་བ་རྩ་འཛུགས་བྱས་པ་དང་། སྲིད་ཇུས་དངོས་འབེབ་ལ་ལྟ་སྐུལ་དང་མཛུབ་སྟོན་བྱས། སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་སྐུལ་འདེད་བྱས་ཏེ། མཉམ་དུ་དོ་དམ་དམ་འཛིན་བྱེད་པ་དང་ཉེན་ཁ་སྔོན་འགོག་བྱེད་པའི་རྐྱེན་སྲོལ་བཟང་བོ་ཆགས་སུ་བཅུག
སྲིད་ཇུས་དམ་འཛིན་དང་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། སྐོར་གསར་བའི་རྩྭ་སའི་ཁ་གསབ་སྲིད་དངོས་འབེབ་བཟང་བོ་བྱེད་དགོས།
སྐོར་དང་པོ་དང་བསྡུར་ན། སྐོར་གསར་བའི་སྲིད་ཇུས་ཀྱིས་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་འཐུས་ཚང་བྱས་ཡོད། གཅིག་ནི་མུ་མཐུད་དུ་ཕྱུགས་འགོག་ཁ་གསབ་དང་རྩྭ་ཕྱུགས་དོ་མཉམ་གྱི་ཁ་གསབ་བྱ་དགའ་ལག་བསྟར་བྱེད་དགོས་པ་དང་། ཕྱུགས་རྩྭ་ལེགས་འདེབས་ཀྱི་ཁ་གསབ་དང་འབྲོག་པའི་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་ཀྱི་སྲིད་ཇུས་མེད་པར་བཟོ་བ། གཉིས་ནི་རང་ཞིང་གི་ཕྱུགས་འགོག་པ་དང་རྩྭ་ཕྱུགས་དོ་མཉམ་གྱི་རྒྱ་ཁྱོན་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག ཕྱུགས་འགོག་ཁ་གསབ་དང་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའི་ཚད་ལེན་ཞིབ་རྩིས་ཀྱི་ཚད་གཞི་ཇེ་མཐོར་བཏང་། གསུམ་ནི་ལས་འབྲས་དཔྱད་ཞིབ་ཀྱི་བྱ་དགའ་སྟེར་ཚད་ཇེ་མཐོར་བཏང་བ།
སྐོར་གསར་བའི་ཁ་གསབ་སྲིད་ཇུས་ཀྱི་ཐད་རྒྱལ་ཁབ་ཀྱིས་ལོ་རེར་རང་ཞིང་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ཉེར་བཞི་དང་བྱེ་བ་གཅིག་ས་ཡ་གསུམ་སྟེར་བཞིན་ཡོད་པ་དང་། སྤྱིའི་ཆ་ནས་ཞིབ་རྩིས་བྱས་ན། སྐོར་དང་པོ་ལས་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་དྲུག་ཇེ་མཐོར་སོང་ཡོད། རང་ཞིང་གི་སྐོར་གསར་བའི་ཕྱུགས་འགོག་ཁ་གསབ་ཚད་ལྡན་མུ་མཐུད་དུ་བར་ཁྱད་ཅན་གྱི་བྱེད་ཐབས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་ཀྱིས་སྐོར་གསར་བའི་སྲིད་ཇུས་ལས་ས་མུའུ་རེར་སྒོར་གཅིག་དང་ཟུར་ལྔའི་ཁ་གསབ་མ་དངུལ་ཁ་སྣོན་བྱེད་ཀྱིན་ཡོད་ལ། ཁུལ་སོ་སོའི་ཕྱུགས་འགོག་ཁ་གསབ་ཞིབ་རྩིས་ཚད་ལྡན་བྱེད་པའི་རྨང་གཞིའི་སྟེང་། དུས་མཉམ་གྱི་བསྡུར་ཚད་ཚད་གཞི་མཐོར་འདེགས་གཏོང་བའི་བྱེད་ཐབས་སྤྱད་དེ་ཁུལ་སོ་སོའི་ཕྱུགས་འགོག་ཁ་གསབ་ཚད་གཞི་ཞིབ་རྩིས་གཏན་འཁེལ་བྱས། རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའི་ཚད་གཞི་དེ་རྒྱལ་ཁབ་ཀྱིས་ལོ་རེར་ས་མུའུ་རེ་སྒོར་གཉིས་དང་ཟུར་ལྔ་སྟེར་བའི་ཞིབ་རྩིས་ཚད་གཞི་ལྟར་བྱ་དགའ་སྟེར་བཞིན་ཡོད།
སྐོར་དང་པོའི་ལེགས་འགྲུབ་ཉམས་མྱོང་དང་བྱེད་ཐབས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། “ལྟེ་གནས་གཅིག་ལ་དམིགས་པ་དང་། གཙོ་གནད་གཅིག་འབུར་དུ་ཐོན་པ། གནད་འགག་གཅིག་དམ་འཛིན་བྱེད་པ། དམིགས་འབེན་གཅིག་མངོན་འགྱུར་བྱེད་པའི”བྱ་བའི་བསམས་གཞིགས་ལྟར། རང་ཞིང་གིས་རྩྭ་སའི་ཁ་གསབ་སྲིད་ཇུས་དངོས་འབེབ་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ།
ལྟེ་གནས་གཅིག་ལ་དམིགས་པ། དེ་ནི་རྩྭ་སའི་ཁ་གསབ་མ་དངུལ་ཁྱིམ་ཚང་དུ་སྟེར་བ་དམིགས་པ་དང་། ཕྱུགས་འགོག་པ་དང་རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་ནན་ཏན་སྒོས་དངོས་འབེབ་བྱེད་པའི་རྨང་གཞིའི་སྟེང་། “དངུལ་བྱང་གཅིག་ཆོད་མའི”སྟེང་དུས་ཐོག་ཏུ་ཁ་གསབ་མ་དངུལ་ཁ་ཚང་ཁྱིམ་ཚང་དུ་སྟེར་བ་མངོན་འགྱུར་བྱེད་དགོས། གཙོ་གནད་གཅིག་འབུར་དུ་ཐོན་པ། དེ་ནི་ཕྱོགས་ཡོངས་ནས་རྩྭ་སའི་ཁ་གསབ་སྲིད་ཇུས་ཀྱི་ལས་འབྲས་དོ་དམ་ལམ་ལུགས་ལ་སྐུལ་འདེད་བྱེད་པ་འབུར་དུ་ཐོན་པ་བྱེད་དགོས་པ་དེ་རེད། ས་གནས་སོ་སོས་རྒྱལ་ཁབ་དང་ཞིང་ཆེན་གྱིས་གཏན་འབེབ་བྱས་པའི་ལས་འབྲས་དཔྱད་ཞིབ་དང་དོ་དམ་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱེད་དགོས་པ་དང་། རིམ་བཞིན་ལས་འབྲས་དཔྱད་ཞིབ་ཀྱི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། དཔྱད་ཞིབ་ཚད་གཞི་ཞིབ་ཚགས་སུ་གཏོང་བ། སྐོར་གསར་བའི་ཁ་གསབ་མ་དངུལ་ཇེ་མཐོར་གཏོང་བ་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་དང་གྲུབ་འབྲས། དོ་དམ་ལམ་ལུགས་འཛུགས་པ་དེ་མིན་ཕྱུགས་ལས་རྣམ་པ་བསྒྱུར་བའི་འབྲེལ་ལམ་བཙུགས་ནས། ཕྱུགས་འགོག་པ་དང་རྩྭ་ཕྱུགས་དོ་མཉམ་གྱི་བྱ་བ་ལག་བསྟར་བྱེད་པའི་འབྲོག་པ་ཁྱིམ་ཚང་གིས་དཔྱད་ཞིབ་ཚད་དང་ལྡན་ཚེ། “དངུལ་བྱང་གཅིག་ཆོད་མའི”སྟེང་ཁ་གསབ་མ་དངུལ་ཚང་མ་སྟེར་དགོས། ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་དུ། འབྲོག་པ་མང་ཚོགས་ཀྱི་འདོད་བློ་བརྩི་འཇོག་གང་ལེགས་བྱེད་པ་དང་། ཉེན་དོན་ཚོད་སྐོར་གྱི་བྱ་བ་བཟང་བོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁ་གསབ་བྱ་དགའི་མ་དངུལ་མ་རྐང་དུ་བཅག་ནས་འབྲོག་ཁྱིམ་སོ་སོར་བགོ་བ་དང་། གཅིག་བསྡུས་ཀྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་ཐད་གཏོང་བར་སྣེ་ཁྲིད་བྱེད་དགོས་པ་དང་། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་གྱི་འོས་འགན་ལག་བསྟར་མ་བྱས་པའི་ཁྱིམ་ཚང་ལ་བྱ་དགའི་མ་དངུལ་སྟེར་མཚམས་འཇོག་པའམ་ཡང་ན་ཇེ་ཉུང་དུ་བཏང་སྟེ། ལེགས་བཅོས་བྱས་ཏེ་ཚད་ལྡན་བྱུང་ན་ད་གཟོད་སྟེར་དགོས། ལེགས་བཅོས་བྱས་པ་ཚད་ལྡན་མིན་པ་དང་ཡང་ན་ལེགས་བཅོས་མི་བྱེད་མཁན་ལ་བྱ་དགའི་མ་དངུལ་སྟེར་མཚམས་འཇོག་པ་དང་ཡང་ན་ཇེ་ཉུང་དུ་གཏོང་དགོས། གཞུང་ལ་བླངས་པའི་བྱ་དགའི་མ་དངུལ་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་ཤིང་། ཞང་དང་གྲོང་བརྡལ་གྱི་མི་དམངས་སྲིད་གཞུང་ཡིད་འཐད་བྱུང་རྗེས། བྱ་དགའི་མ་དངུལ་དེ་བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ལ་བྱིན་ནས། རྩྭ་ཐང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཐད་བཀོལ་དུ་འཇུག་དགོས། གནད་འགག་ཞིག་དམ་འཛིན་བྱེད་དགོས། དེ་ནི་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་པ་དང་། སྲིད་ཇུས་ལ་ཕན་འབྲས་ལེན་པ་ཁག་ཐེག་བྱེད་དགོས། ཞིང་ཆེན་དུ་སྐོར་ཞིབ་བྱེད་པ་དང་ཁུལ་དུ་འཐེན་ཞིབ་བྱེད་པ། རྫོང་དུ་རང་བཤེར་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས་ནས། ཞིང་ཆེན་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དེ་རྒྱུན་ལུགས་ཅན་གྱི་བྱ་བའི་ཁྲོད་བཞག་ཏེ། དུས་གཏན་འཁེལ་མེད་པར་སྐོར་ཞིབ་ཚན་ཁག་གཞི་རིམ་དུ་བསྐྱོད་ནས་སྐོར་ཞིབ་བྱེད་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རྫོང་གི་བྱ་བ་འགན་དུ་ལེན་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཞང་གི་བྱ་བ་འགན་དུ་ལེན་པ། ཞང་རིམ་པའི་ལས་བྱེད་ཀྱིས་སྡེ་བའི་བྱ་བ་འགན་དུ་ལེན་པའི་ལམ་ལུགས་འཛུགས་དགོས་ལ། འབྲོག་ཁུལ་དུ་སོང་ནས་རྟོག་ཞིབ་དང་མཛུབ་སྟོན་བྱེད་དགོས།
དམིགས་འབེན་གཅིག་མངོན་འགྱུར་བྱེད་དགོས། དེ་ནི“ཕྱུགས་འགོག་པ་དང་ཕྱུགས་གསོ་བ་མི་འགོག་པ། ཕྱུགས་ཇེ་ཉུང་དུ་གཏོང་བ་དང་ཡོང་སྒོ་ཇེ་ཉུང་དུ་མི་གཏོང་བ”མངོན་འགྱུར་བྱེད་དགོས། ས་གནས་སོ་སོའི་ཕྱོགས་ཡོངས་ནས་ལས་འབྲས་དཔྱད་ཞིབ་དོ་དམ་ལམ་ལུགས་ཁྱབ་སྤེལ་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་དང་། མཐོ་སྒང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་འདོན་སྤྲོད་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། མུ་མཐུད་དུ་རྗེས་མཐུད་ཐོན་ལས་ཀྱི་ཆ་ཚང་སྲིད་ཇུས་འཐུས་ཚང་དུ་བཏང་ནས། འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་འབྲེལ་ལམ་རྒྱ་བསྐྱེད་པ་དང་། ཡོང་སྒོའི་ཆུ་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་དགོས།
འཆར་གཞི་ལྟར་ན། 2020ལོའི་བར་ཞིང་ཆེན་ཡོངས་ཀྱི་རང་བྱུང་རྩྭ་ས་ཆ་སྙོམས་སྒོས་ཁེབས་ཚད་དེ2015ལོ་ལས་བརྒྱ་ཆའི་གྲངས་ཐིག་ལྔའི་ཇེ་མཐོར་གཏོང་དགོས་ལ། རྩྭའི་ཐོན་ཚད་ཆ་སྙོམས་སྒོས་བརྒྱ་ཆའི་གྲངས་ཐིག་དྲུག་ཏུ་ཇེ་མཐོར་གཏོང་དགོས། མཐར་མཇུག་སྐྱེ་ཁམས་བཟང་ཞིང་ཐོན་སྐྱེད་འཕེལ་རྒྱས། མི་དང་རང་བྱུང་འཆམ་མཐུན། སྤྱི་ཚོགས་དཔལ་འབྱོར་བདེ་ཐང་དང་རྒྱུན་མཐུན་འཕེལ་རྒྱས་ཀྱི་དམིགས་འབེན་རེ་བར་སླེབས་སུ་འཇུག་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།