ཁ་བ་བུ་ཡུག་ཁྲོད་ཏང་ཡོན་ལས་བྱེད་པ་དང་འབྲོག་པ་མང་ཚོགས་མཉམ་དུ་གནས་ཡོད།--རྨ་ཆེན་རྫོང་གི་གནོད་འགོག་ཕྱུགས་སྐྱོབ་ཀྱི་མཐོང་ཐོས།
2019.03.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 62

དབྱིག་གཞུང་ཞང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བྲེལ་མྱུར་ངང་ལམ་ནང་གི་ཁ་བ་གཙང་སེལ་བྱེད་བཞིན་པ།

གནོད་འཚེ་ཐེབས་པའི་འབྲོག་པ་མང་ཚོགས་རུ་སྤོ་བཞིན་པ།

དབྱིག་གཞུང་ཞང་གི་ལས་བྱེད་པས་གཟན་ཆས་གནོད་འཚེ་ཐེབས་པའི་འབྲོག་པའི་ཕྱུགས་རྭར་བསྐྱལ་བཞིན་པ།

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ལམ་ལ་ཆས་ཏེ། ཟི་ལིང་དང་གཅིག་སྒྲིལ་བར་གྱི་གཞུང་ལམ་བརྒྱུད་དེ་འགྲོ་སྐབས། ཕྱོགས་བཞིར་བལྟས་པ་ན་ས་གཞི་ཡོངས་རྪོགས་གངས་ཀྱིས་གཡོགས་ཤིང་།  རླུང་འཁོར་གྱི་འཁོར་ལོས་ལྟེབ་པའི་ཁ་བའི་འདབ་མ་དེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མཁའ་དབྱིངས་སུ་མཆེད་བཞིན་འདུག

རླངས་འཁོར་རིམ་གྱིས་ལྷོ་ནུབ་ཕྱོགས་སུ་བསྐྱོད་པ་ན་ཁ་བ་ཇེ་མཐུག་ནས་ཇེ་མཐུག་རེད། རླངས་འཁོར་དུ་བསྡད་ཡོད་པའི་འབྲོག་ལས་གཉེར་མྱོང་བའི་སོག་རིགས་ཀྱི་གསར་འགོད་པ་ཐུབ་བསྟན་གྱིས་ང་ཚོར་ཁ་བས་ད་རུང"རྩྭ་པད་ནེ"བཀབ་མེད་ཚེ་ཕྱུགས་ཟོག་གིས་དེའི་འོག་གི་རྩྭ་ཟ་ཐུབ་ཟེར།

ཁྱི་འབྲུ་ཞང་བརྒྱུད་དུས་མཐོང་ལམ་དུ་རྩྭ་སྐྱ་ཉག་མ་ཙམ་ཡང་མཐོང་རྒྱུ་མེད་ལ། གནམ་སའི་ཁ་མདོག་གཅིག་ཏུ་སྣང་སྟེ། སྐྱེ་དངོས་མཐའ་དག་ཁ་བས་གཡོགས་ཤིང་འཁྱགས་པས་བསྡམས་འདུག

ཆུ་ཚོད་གཉིས་འགོར་རྗེས་ཀྱི་དུས་ཚོད་བཅུ་དང་སྐར་མ་ཞེ་ལྔའི་སྐབས་སུ། ང་ཚོ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་ལ་སླེབས། རྫོང་མཁར་ནས་སྤྱི་ལེ་གཉིས་ཙམ་བརྒྱུད་རྗེས། ནོར་ཁྱུ་ཞིག་གིས་ང་ཚོའི་བགྲོད་ལམ་བཀག་བྱུང་།  རླངས་འཁོར་ལས་བབས་རྗེས། ང་ཚོས་ཝ་ལུང་ཞང་གི་འབྲོག་མི་བྱམས་པ་ལ་བཅར་འདྲི་བྱས་པ་དང་། ཁོས་ང་ཚོར་བསྟུད་མར་ཉིན་བཅུ་ལྷག་གི་རིང་ལ་ཁ་བ་ཆེ་མ་ཆུང་གསུམ་ཐེངས་མང་བབས་ཟེར།

ཁོང་གིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་དེ། ད་སྐབས་ནོར་ནག་གི་གཟན་རྩྭ་དཀའ་ཁག་ཆེན་པོ་ལ་འཕྲད་ཡོད་པས། ང་ཚོས་ནོར་ནག་ཁ་བ་ཅུང་སྲབ་སའི་ཉིན་ཕྱོགས་ཀྱི་རི་ངོས་སུ་འདེད་རྒྱུ་མ་གཏོགས་ཐབས་གཞན་མེད། དགུན་ཁར་གྲ་སྒྲིག་བྱས་ཡོད་པའི་སྔོ་བསྙལ་གཟན་ཆས་བཀོལ་ནས་ཉིན་མང་པོར་འགོར་བས། ལུས་སྟོབས་ཞན་པའི་ནོར་ནག་མང་པོ་ཡང་ཤི་སོང་།  ཁོང་གིས་དབུགས་རིང་འབྱིན་བཞིན་མགོ་བོ་གཡུག་སྟེ། འདས་བའི་ལོ་བཅུ་ལྷག་གི་རིང་ཕྱུགས་ར་ལ་ཁ་བ་དེ་འདྲའི་ཆེན་པོ་ཞིག་གཏན་ནས་བབས་མ་མྱོང་ཞེས་བཤད། ཆུ་ཚོད་བཅུ་གཉིས་དང་སྐར་མ་ཉེར་ལྔའི་སྟེང་ང་ཚོ་རྨ་ཆེན་རྫོང་གི་གནོད་འཚེ་ཚབས་ཆེན་ཐེབས་ས་སྟེ། ལྷོ་ནུབ་ཕྱོགས་ཀྱི་ཞང་གསུམ་གྱི་ནང་གསེས་དྭངས་ལག་ཞང་ལ་སླེབས་པ་དང་། སྐབས་དེར་ཁྲ་མཆོག་གོང་མ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲའོ་ཐིང་ཅུན་གྱིས་སྡེ་མི་བཅུ་ལྷག་རྩ་འཛུགས་བྱས་ཏེ་ཁ་བ་ཕྱགས་ནས་གཞུང་ལམ་ཤར་གཏོང་བྱེད་བཞིན་ཡོད་ལ། ཞང་ཡོངས་ཀྱི་སྡེ་བ་ལྔ་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་ཤིང་།  ཁོང་གིས་ཞང་ཐོག་ཏུ་བསྟུད་མར་ཟླ་ཕྱེད་ཙམ་ལ་བརྟན་སྲུང་བྱས་པས་ངོ་གདོང་ཡང་ནག་པོར་གྱུར་ཡོད། ས་མཐོ་ས་རུ་ཁངས་ཀྱི་མཐུག་ཚད་ལིས་རྨིད་ལྔ་བཅུ་ལ་སླེབས་ཡོད་པ་དང་། དགུན་ཁ་མ་སླེབས་པའི་སྔོན་དུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འབྲོག་པ་མང་ཚོགས་ལ་སྔོ་བསྙལ་གཟན་ཆས་ཉར་ཚགས་བྱ་དགོས་ཚུལ་བཤད་ཡོད་དེ། ཉེ་བའི་ཉིན་འགའི་རིང་གི་གནོད་འཚེ་བྱུང་ཚུལ་ལ་གཞིགས་ན། ཉར་ཚགས་བྱེད་ཚད་ཐད་སྔར་བཞིན་ཞན་ཆ་ཆེན་པོ་གནས། སྟབས་ལེགས་པ་ཞིག་ནི་རྫོང་གིས་འཕྲལ་མྱུར་གྱིས་གཏོང་སྤྲོད་བྱས་པའི་གཟན་རྩྭ་ཏུན་བཅུ་སྐྱེལ་འདྲེན་བྱེད་བཞིན་པའི་སྒང་རེད། ཕྱི་དྲོའི་ཆུ་ཚོད་གཅིག་དང་སྐར་མ་ང་བདུན་སྟེང་།  དབྱིག་གཞུང་ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཇིགས་མེད་དཔལ་བཟང་དང་ཞང་ཀྲང་གཞོན་པ་འཕྲིན་ལས་རྒྱ་མཚོ་གཉིས་ཀྱིས་བྲེལ་འཚུབ་ངང་ལམ་འགྲམ་དུ་གསར་འགོད་པར་སྒུག་ནས་གནོད་འཚེའི་གནས་ཚུལ་ཞིབ་བཤད་བྱེད་པར་གྲ་སྒྲིག་བྱས་འདུག

ཟླ་གཉིས་པའི་ཚེས་བདུན་ཉིན་ནས་བཟུང་ཉེ་བའི་ཟླ་གཅིག་ཙམ་གྱི་རིང་ལ་ཁ་བ་རྒྱུན་ཆད་མེད་པར་བབས།  ཉིས་སྟོང་བརྒྱད་ལོ་དང་ཉིས་སྟོང་བཅུ་གཉིས་ལོར་གབྱིག་གཞུང་ཞང་ལ་ཁངས་གནོད་ཐེངས་གཉིས་བྱུང་མྱོང་།  ཡིན་ནའང་ད་ལོའི་ཁངས་གནོད་འདི་ཐེངས་སྔོན་མ་གཉིས་དང་བསྡུར་ན་ཅུང་ཚབས་ཆེན་ཡིན་པར་བཤད།  ཞང་ཡོངས་ལ་འབྲོག་ཁྱིམ་བརྒྱད་བརྒྱ་དང་དགུ་ཡོད་པ་དང་། སྟོན་སའི་གནོད་འཚེ་ཚབས་ཆེན་ཐེབས་པའི་འབྲོག་ཁྱིམ་དགུ་བཅུ་ཟིན་ཞིང་།  དེའི་ཁྲོད་ཀྱི་འབྲོག་ཁྱིམ་སུམ་ཅུ་རི་སྤར་ཚར། ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་བར་དུ་ཞང་ཡོངས་ཀྱི་ནོར་ནག་དྲུག་བརྒྱ་དང་གྱ་བདུན་ཤི་བ་རེད།

འཇིགས་མེད་དཔལ་བཟང་གིས་གསར་འགོད་པར་བཤད་རྒྱུར།  ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན།   མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པདྨ་བཀྲ་ཤིས་དང་།   ཁུལ་དཔོན་གཞོན་པ་ལྷ་དབང་ཚེ་བརྟན་དང་བློ་གྲོས་རྣམ་རྒྱལ་བཅས་ཀྱིས་ཁུལ་ཞིང་ཕྱུགས་ཅུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། དམངས་སྲིད་ཅུའུ་བཅས་ཀྱི་སྡེ་ཁག་སོ་སོའི་འགན་འཁུར་བ་རྣམས་ཀྱི་སྣེ་ཁྲིད་དེ།   ཏ་པན་གཞུང་ལམ་དང་ཧྭ་ཧྲང་གཞུང་ལམ་བརྒྱུད་ནས་ཁ་བ་བབས་ཚད་ཆེ་བ་དང་ཁངས་གནོད་ཐེབས་ཚུལ་མངོན་གསལ་ཡིན་པའི་དགའ་བདེ་རྫོང་གི་ཁྱི་འབྲུ་ཞང་དང་ཁོ་ཆུ་གྲོང་རྡལ། རྨ་ཆེན་རྫོང་གི་དྭངས་ལག་ཞང་དང་དབྱིག་གཞུང་ཞང་།  རྨ་སྟོད་རྫོང་གི་མཛོ་རྒན་རྭ་བ་བཅས་ཀྱི་ཁངས་གནོད་རྒུད་སྐྱོབ་བྱ་བར་ལྟ་ཞིབ་བྱས་པ་དང་། གནོད་སྐྱོན་བྱུང་བའི་མང་ཚོགས་དང་གནོད་འགོག་ཕྱུགས་སྲུང་བྱ་ཆེད་འཐབ་ཕྱོགས་དང་པོ་ན་འབད་འབུངས་བྱེད་བཞིན་པའི་ལས་བྱེད་པ་དང་ལས་བཟོ་བ་དག་ལ་འཚམས་འདྲི་བྱས་པ་རེད།    ཟླ་གསུམ་པའི་ཚེས་བཞི་ཉིན།  རྒྱུན་ལས་ཁུལ་དཔོན་གཞོན་པ་ཐའོ་ཡུང་ལིས་སྣེ་ཁྲིད་ནས་ཁངས་གནོད་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་།  རྫོང་དང་ཞང་གི་ལས་བྱེད་པས་དུས་ཚོད་དམ་འཛིན་བྱས་ནས་ཁངསད་གནོད་གནས་ཚུལ་རྩད་གཅོད་གསལ་བོ་བྱས་ཏེ།  ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་ཆེད་དམིགས་སྙན་ཞུ་བྱས། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་མ་དངུལ་དང་དངོས་ཟོག་བརྩོན་ལེན་བྱས་པ་དང་། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞིས་མཉམ་འབྲེལ་བྱས་ནས་གནོད་འཚེ་ཐེབས་བའི་འབྲོག་པར་ཁྱོན་ཡོངས་ནས་ནན་ཏན་སྒོས་ཞབས་ཞུ་གང་ལེགས་བྱས་ཏེ། གནོད་འཚེ་ཚད་གཞི་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན།

ཕྱི་དྲོའི་ཆུ་ཚོད་གཉིས་དང་སྐར་མ་སོ་ལྔའི་སྟེང་ང་ཚོ་འཇིགས་མེད་དང་མཉམ་དུ་སྡེ་ནང་སྡེ་བའི་འབྲོག་པ་འཇིགས་བསྟན་གྱི་ཕྱུགས་རར་བསྐྱོད་དེ་ཁངས་གནོད་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

                                                                                                      རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།