མདོ་ལ་རི་བོའི་འདབས་རོལ་གྱི་དབྱངས་རྟ་སྙན་མོ།
2019.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ། མཐོ་སྒང་འབྲོག་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་བློ་བདེ་བག་ཕེབས་ཀྱི་མཛེས་རིས་ཤིག་མི་རྣམས་ཀྱི་མིག་ལམ་དུ་ངོམ་ཡོང་། མཛེས་སྡུག་གི་རྩྭ་ཐང་འདིར་ཐོན་པ་ན། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་ཀུན་ནས་མཐོང་ཐུབ་ལ། བདེ་སྐྱིད་དང་དགའ་སྤྲོའི་གླུ་དབྱངས་རྩྭ་ཐང་གི་ག་ས་གང་དུ་ཁྱབ་ཡོད།

ཉེ་ལམ། གསར་འགོད་པ་མདོ་ལ་རི་བོའི་འདབས་རོལ་བརྒྱུད་སྐབས། མདོ་ལ་རི་བོའི་འདབས་རོལ་གྱི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་རྩྭ་ས་སྲུང་སྐྱོབ་དང་ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན། འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་པ་མཐོང་།

འབྲོག་པ་མ་རྐང་བདག་པོར་གྱུར་ཏེ་ཕྱུག་བསྒྱུར་གྱི་ཐབས་ལམ་གསར་བ་བཙལ་བ།

ཚད་ལྡན་ཅན་གྱི་གསོ་སྤེལ་ཕྱུགས་སྤྱིལ་ཁང་དང་གཞུང་ལས་སྒྲིག་ཆས་ཆ་ཚང་། གཙང་ཞིང་གྲལ་དག་པའི་གཟན་རྩྭའི་མཛོད་ཁང་བཅས་སྒྲིག་ཆས་མ་ལག་ཆ་ཚང་བ་ཡོད། མུ་རི་གྲོང་རྡལ་ལུང་རྒན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཐོན་པ་ན། མིག་ལམ་དུ་མངོན་པ་ནི་དེང་རབས་ཅན་གྱི་གསོ་སྤེལ་སྒྲིག་ཆས་ཡིན་ལ། ཤ་ཤེད་བཟང་བོའི་ནོར་གནག་ཕྱུགས་ཁང་བཅུ་གཅིག་གི་ནང་དུ་བཀང་ཡོད།

ལུང་རྒན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི2009ལོར་བཙུགས་པ་དང་། 2015ལོའི་ལོ་མཇུག་ཏུ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱས་ཏེ་མ་རྐང་ལམ་ལུགས་སུ་བསྒྱུར་བཀོད་བྱས་པ་དང་། མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུན་ལྡན་གྱི་བགྲོད་ལམ་དུ་བསྐྱོད། 2018ལོའི་ལོ་མཇུག་བར་དུ། མ་རྐང་དུ་བཞག་པའི་ཁྱིམ་ཚང་སོ་གཉིས་ཡོད་པ་དང་མི་གྲངས་བརྒྱ་དང་དོན་བཞི་ཡོད། རྩྭ་ས་སྤྱི་ཆིངས་སྟོང་ལྔ་དང་ལྔ་བརྒྱ་གྱ་བདུན་དང་། ནོར་ལུག་སྟོང་བཞི་དང་བདུན་བརྒྱ་ཉེར་ལྔ་ཧྲིལ་བསྡུས་བྱས་ལ། མ་རྐང་དུ་བཞག་པའི་སྤྱིའི་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་ལྷག་ཡོད།

ལུང་རྒན་སྡེ་བའི་སྐྱེ་ཁམས་ཕྱུགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཁྲིན་ཡོན་གྱིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། “ང་ཚོ་ནི་མདོ་ལ་རྫོང་གི་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་པའི་མཉམ་ལས་ཁང་ཐོག་མ་ཡིན་ལ། ལོ་ངོ་བཞིའི་རིང་གི་འཕེལ་རྒྱས་བརྒྱུད་ནས། ད་ལྟ་གཞི་ཁྱོན་ངེས་ཅན་ཞིག་གྲུབ་ཡོད་པ་དང་། 2016ལོ་ནས2018ལོའི་བསྟུད་མར་ལོ་གསུམ་གྱི་རིང་ཡོང་སྒོའི་བགོ་བཤའ་བརྒྱབ་པ་དང་། ཕན་འབྲས་ཧ་ཅང་བཟང”ཟེར།

ཁྲིན་ཡོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཉམ་ལས་ཁང་གིས་ཐོག་དང་པོར་ཡོང་སྒོ་སྒོར་འབུམ་དྲུག་དང་ཁྲི་གསུམ་སྟོང་བདུན་བགོ་བཤའ་བརྒྱབ་པ་དང་། 2017ལོར་སྒོར་འབུམ་དགུ་དང་ཁྲི་བརྒྱད་སྟོང་བདུན་དང་། 2018ལོར་སྒོར་ས་ཡ་གཅིག་དང་ཁྲི་གསུམ་བཅས་བགོ་བཤའ་བརྒྱབ། ཡོང་སྒོ་བགོ་བཤའ་བརྒྱབ་ཚད་ལོ་རེ་ལས་ལོ་རེར་བཟང་བ་དེས་མཉམ་ལས་ཁང་གི་འཕེལ་རྒྱས་སྔར་ལས་བཟང་བ་མཚོན་ཡོད། གསར་འགོད་པས་ལུང་རྒན་སྡེ་བའི་ཁྱིམ་ཚང་སོ་གཉིས་ཀྱི་མི་རྣམས་མཉམ་ལས་ཁང་གི་སྒོ་ཁར་འདུས་སྡོད་བྱས་ཡོད་པ་མཐོང་བ་དང་། ཁོ་ཚོ་ནི་མཉམ་ལས་ཁང་དུ་ཞུགས་ཏེ་ཡོང་སྒོ་བགོ་བཤའ་རྒྱག་པའི་མ་རྐང་བདག་པོ་ཡིན་ལ། ཆ་སྙོམས་བྱས་ན་ཁྱིམ་ཚང་རེར་སྒོར་ཁྲི་གསུམ་དང་སྟོང་བཞི་བགོ་བཤའ་རྒྱག་ཐུབ།

ལུང་རྒན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་མིང་གྲགས་ཆེ་བའི་མཉམ་ལས་ཁང་ཞིག་ཡིན་ལ། རང་ཉིད་འཕེལ་རྒྱས་བྱས་ཏེ་ཕྱུག་བསྒྱུར་བྱེད་པ་དང་ཆབས་ཅིག ཉེ་འཁོར་སྡེ་བའི་མང་ཚོགས་ཀྱང་མ་བརྗེད་པར་ཕྱུག་བསྒྱུར་གྱི་བགྲོད་ལམ་དུ་ཁྲིད་བཞིན་ཡོད། 2017ལོ་དང2018ལོར་ཁོ་ཚོས་མཚེར་སྟོད་སྡེ་བའི་སྡེ་དམངས་བརྒྱ་དང་གཉིས་ལ་སྒོར་ཁྲི་བརྒྱད་དང་སྟོང་ལྔའི་ཡོང་སྒོའི་བགོ་བཤའ་བརྒྱབ་པས། མང་ཚོགས་སྔར་ལས་མང་པོར་ཕན་འབྲས་ཐོབ་དུ་བཅུག་པ་དང་། མང་ཚོགས་སྔར་ལས་མང་པོ་མཉམ་ལས་ཁང་དུ་ཞུགས་པར་སྐུལ་མ་བཏང་སྟེ། མཉམ་དུ་ཁྱིམ་དར་ཕྱུག་འགྱུར་བྱེད་བཞིན་ཡོད།

ཁྲིན་ཡོན་གྱིས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། “གོ་རིམ་རྗེས་མར། ང་ཚོས་འདེབས་གསོའི་གཞི་ཁྱོན་སྔར་ལས་ཇེ་ཆེར་བཏང་སྟེ། མང་ཚོགས་སྔར་ལས་མང་པོ་མཉམ་ལས་ཁང་དུ་ཞུགས་སུ་འཇུག་པ་དང་ཆབས་ཅིག དྲ་ཐོག་ཉོ་འཚོང་ཚོང་ལས་ལ་མཉམ་འབྲེལ་བྱ་རྩིས་ཡོད་པ་དང་། ང་ཚོའི་ནོར་ལུག་གི་ཤ་དང་ཞོ། ཤ་སྐམ་སོགས་ཀྱི་ཐོན་རྫས་ས་གཞན་ལ་ཕྱིར་འཚོང་བྱས་ཏེ། ཚོང་རའི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་ན། སྡེ་དམངས་རྣམས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་འགྲོ་ཐུབ”ཟེར།

ལེགས་བསྡུས་ཞིབ་གཉེར་ཅན་དང་དེང་རབས་ཅན་སྔར་ལས་ལྷག་པས་འཕེལ་རྒྱས་དང་རྒྱ་ཆེར་འགྲོ་བཞིན་པ།

ལུང་རྒན་མཉམ་ལས་ཁང་གི་སྣེ་ཁྲིད་དང་ཤུགས་རྐྱེན་འོག མཉམ་ལས་ཁང་གསར་བ་ཡང་དར་སྤེལ་བྱེད་བཞིན་པའི་སྒང་རེད། མདོ་ལ་རྫོང་འབྲོང་ལུང་ཞང་ཏཱ་ཆོན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་དེའི་ཁྲོད་ཀྱི་གཅིག་རེད།

ས་ནག་ཐང་དུ་ཡུག་པོ་བསྡམས་བུ་བྱས་ཏེ་རི་ལྟར་བརྩིགས་ཡོད་ལ། ཐག་རིང་བོའི་གནས་སུ་ནོར་གནག་མང་པོས་བག་ཕེབས་སྒོས་ཡུག་རྩྭ་ཟ་བཞིན་ཡོད། “འདི་ནི་ས་ནག་ཐང་ས་ཁུལ་བཅོས་སྐྱོང་བྱས་རྗེས། མཉམ་ལས་ཁང་གིས་སྤྱི་ཆིངས་ཉིས་བརྒྱ་སོ་གསུམ་གྱི་སྟེང་ཡུག་པོ་བཏབ་པ་དང་། ན་ནིང་རྩྭའི་ཐོན་ཚད་ཏུན་དྲུག་བརྒྱ་ཡོད། གཙོ་བོར་ནོར་ལུག་གི་གཟན་ཆས་ཁ་གསབ་བྱེད་བཞིན་ཡོད། ནོར་གནག་ལྔ་བརྒྱ་ལྔ་བཅུ་ཡོད་པ་དང་དེ་དག་ང་ཚོས་ན་ནིང་ཉོས་པ་ཡིན”ཞེས་ཏཱ་ཆོན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་གཞོན་པ་ཡཱེ་ཧྲིན་ཧྥུའུ་ཡིས་དེ་ལྟར་བཤད།

ཡཱེ་ཧྲིན་ཧྥུའུ་ཡིས་བཤད་རྒྱུར། “ང་ཚོའི་མཉམ་ལས་ཁང་ནི2010ལོའི་ཟླ་བཅུ་བར་བཙུགས་པ་ཡིན་ལ། དང་ཐོག་ཕྱུགས་ཟོག་གཅིག་གྱུར་སྒོས་ཕྱིར་འཚོང་བྱེད་པ་དང་ལུག་བལ་བཙོང་བ་སོགས་ཀྱི་བྱ་བ་སྤེལ་བས། དེང་རབས་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གནས་བབ་ཅུང་ལེགས་པོ་མིན་ལ། འཕེལ་རྒྱས་ཀྱི་རྣམ་པ་ཅུང་རྗེས་ལུས་རེད། མཉམ་ལས་ཁང་དེང་རབས་ཅན་དང་ཐོན་ལས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་དུ་འཕེལ་རྒྱས་སུ་གཏོང་ཆེད། 2017ལོའི་ལོ་མཇུག་ཏུ་མ་རྐང་ལམ་ལུགས་སུ་བསྒྱུར་བཀོད་བྱས་པ་ཡིན”ཟེར།

ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་རྩྭ་ལྟར་ཕྱུགས་གཏན་འཁེལ་གྱིས་འཚོ་བའི་སྐྱེ་ཁམས་བགྲོད་ལམ་དུ་སྙེག་དགོས་པ་དང་། དེ་དང་ཆབས་ཅིག དེང་རབས་ཅན་དང་ཐོན་ལས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ངེས་པར་དུ་སྙེག་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཐོན་སྐྱེད་ཕན་འབྲས་དང་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་བ་དམིགས་ཡུལ་བྱས་ན། ད་གཟོད་ཕྱུགས་ལས་མཉམ་ལས་ཁང་སྔར་ལས་བཟང་བོའི་འཕེལ་རྒྱས་དང་རྒྱ་ཇེ་ཆེར་གཏོང་ཐུབ།

མ་རྐང་ལམ་ལུགས་སུ་བསྒྱུར་བཀོད་བྱས་ཏེ་ཅུང་འགོར་མེད་པ་དང་། འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྙེག་ཏེ་ལོ་གཅིག་མ་གཏོགས་འགོར་མེད་པའི་མཉམ་ལས་ཁང་ཞིག་ཡིན་པའི་ཆ་ནས། ཏཱ་ཆོན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་སྦས་ཤུགས་ཆེན་པོ་ཡོད། 2018ལོར། ཁོ་ཚོས་ཧུར་ཐག་གིས་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་བྱས་པ་དང་། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱས། རྒྱུད་བཟང་ཁ་གསབ་ལས་གཞི་བེད་སྤྱོད་བྱས་ཏེ་ནོར་གནག་ཉིས་བརྒྱ་ཉི་ཤུ་ཕྱིར་འཚོང་བྱས་པ་དང་། ནོར་གནག་རེའི་རིན་གོང་སྒོར་སྟོང་བཞི་ཡིན་པས། ཡོང་སྒོ་སྒོར་འབུམ་བརྒྱད་དང་ཁྲི་བརྒྱད་བླངས། གཡག་བརྒྱུད་ནང་འདྲེན་བྱས་པ་དང་། མ་རྐང་དུ་བཞག་པའི་ལུག་ཉིས་བརྒྱ་སུམ་ཅུ་དང་ནོར་བརྒྱ་དང་བཞི་བཅུ་ཡོད། མགོ་བརྩམས་པ་ཅུང་འཕྱི་རུང་། འོན་ཀྱང་། ཁོ་ཚོས་མཉམ་ལས་ཁང་མགྱོགས་མྱུར་ངང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་འདུན་པ་སྔར་ལས་ཆེ་ལ། ལུང་རྒན་མཉམ་ལས་ཁང་གི་རྗེས་ཆོད་པའི་ཆོད་སེམས་བརྟན་པོ་ཡོད།

“2018ལོའི་ལོ་མཇུག་ཏུ་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་ཉེར་དྲུག་དང་མི་གྲངས་བརྒྱ་དང་གསུམ་ཡོད་ལ། སྡེ་བ་ཡོངས་ཀྱི་གནད་ཕིགས་དབུལ་སྐྱོར་གྱི་ཁྱིམ་ཚང་ལྔ་དང་མི་གྲངས་བཅུ་བདུན། མཐའ་འཁོབ་ཀྱི་དབུལ་ཕོངས་ཁྱིམ་ཚང་གཅིག་དང་མི་གྲངས་གཅིག་བཅས་ཡོད་ལ། བསྡོམས་པས་རྩྭ་ས་སྤྱི་ཆིངས་སྟོང་གསུམ་དང་སུམ་བརྒྱ་ཞེ་བདུན་ཡོད་པ་དང་། ཧྲིལ་བསྡུས་བྱས་པའི་ནོར་ལུག་སྟོང་གཅིག་བརྒྱ་དང་བཅོ་ལྔ་ཡོད། མ་རྐང་དུ་བཞག་པའི་སྤྱིའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བདུན་སྟོང་གཅིག་ལྷག་ཡོད་པས། ང་ཚོའི་མཉམ་ལས་ཁང་སྔར་ལས་ལྷག་པའི་ཚད་ལྡན་ཅན་དང་ཚན་རིག་ཅན་དུ་འཕེལ་རྒྱས་གཏོང་བར་མགོ་བཟང་བོ་བརྩམས། ད་ལོར་ཡོང་སྒོ་ཐེངས་དང་པོར་བགོ་བཤའ་རྒྱག་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་པ་དང་། མང་ཚོགས་སྔར་ལས་མང་པོ་མཉམ་ལས་ཁང་དུ་ཞུགས་པར་སྐུལ་མ་བྱེད་རྒྱུ་ཡིན”ཞེས་ཡེ་ཧྲིན་ཧྥུའུ་ཡིས་དེ་ལྟར་བཤད།

སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཆེན་པོར་འགྲོ་བཞིན་ཡོད།

2018ལོར། མདའ་བཞི་མཉམ་ལས་ཁང་གིས་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་གཉིས་ལྷག་དང་། ལུང་རྒན་མཉམ་ལས་ཁང་གིས་སྒོར་ས་ཡ་གཅིག་དང་ཁྲི་གསུམ་བགོ་བཤའ་བརྒྱབ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འདི་དག་གིས་འབྲོག་པ་རྣམས་ལ་ཡོང་སྒོའི་བགོ་བཤའ་བརྒྱབ་སྟེ་ཚང་མར་དགའ་སྣང་སྦྱིན་པ་མ་ཟད། ཁོ་ཚོར་ལོ་གསར་བའི་ནང་རེ་བ་དང་སྟོབས་ཤུགས་བསྩལ། དེ་དང་ཆབས་ཅིག འབྲོག་པའི་ཡོང་སྒོ་འཕར་སྣོན་དང་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་གཉིས་ཀྱི་རྒྱལ་ཁ་ལེན་པའི་བགྲོད་ལམ་སྟེང་སྙེག་ཏུ་བཅུག

ཉེ་བའི་ལོ་འགའི་རིང་། མདོ་ལ་རྫོང་གིས་བློ་བརྟན་འགྱུར་མེད་སྒོས་ཕྱུགས་ལས་ཐོན་རྫས་ལྷད་མེད་ཅན་དང་སྐྱེ་ཁམས་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་མ་ཟད། “རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཁུལ”འཛུགས་སྐྲུན་གོ་སྐབས་སུ་བརྩིས་ཏེ། སྔ་རྗེས་སུ་ནོར་ལུག་ཚོ་གསོའི་རྟེན་གཞི་དང་ཞན་འགྱུར་རྩྭ་སར་རྩྭ་འདེབས་པ་སོགས་ཕན་ནུས་ལྡན་པའི་དོ་དམ་སྲུང་སྐྱོབ་བྱེད་ཐབས་བེད་སྤྱད་ནས། ཞན་འགྱུར་ཅུང་ཚབས་ཆེ་བའི་རང་བྱུང་རྩྭ་ས་སླར་གསོ་བྱུང་བ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་ཐོན་སྐྱེད་ཀྱི་ཚོང་གཉེར་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ལ། གནད་ཕིགས་དབུལ་ཐར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཕྱུགས་ལས་ཐོན་ལས་རྒྱ་བསྐྱེད་པ་དང་། རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་ཆེན་པོ་བྱུང་།

མདོ་ལ་རྫོང་ཞིང་ལས་དང་ནགས་ཚལ། ཆུ་བེད་དང་ཚན་རྩལ་ཅུའུ་རྩྭ་སའི་ཕྱུགས་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཞོ་མེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། 2018ལོའི་བར། རྫོང་ཡོངས་སུ་ཐོ་འགོད་བྱས་ཟིན་པའི་མཉམ་ལས་ཁང་བསྡོམས་པས་བརྒྱ་དང་རེ་ལྔ་ཡོད་ལ། ཡོང་སྒོ་བགོ་བཤའ་རྒྱག་ཐུབ་པའི་མཉམ་ལས་ཁང་སུམ་ཅུ་ཡོད། ཡོང་སྒོ་བགོ་བཤའ་རྒྱག་ཐུབ་པ་དང་ཁྲིམས་འཛིན་གཞུང་དཔང་བྱས་པའི་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་བདུན་ཡོད། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་སུམ་བརྒྱ་གྱ་བདུན་དང་མི་གྲངས་སྟོང་གཅིག་དང་བཞི་བརྒྱ་བཅུ་ཡོད། དབུལ་ཕོངས་ཁྱིམ་ཚང་ང་གསུམ་དང་མི་གྲངས་བརྒྱ་དང་ཞེ་དྲུག་པ་ཡོད་པ་དང་། རྩྭ་ས་སྤྱི་ཆིངས་ཁྲི་གསུམ་དང་སྟོང་དྲུག་སུམ་བརྒྱ་དང་ཕྱུགས་ཟོག་ཁྲི་གསུམ་དང་སྟོང་དྲུག་བཞི་བརྒྱ་བཅོ་ལྔ་ཧྲིལ་བསྡུས་བྱས་པ་དང་། མ་རྐང་གི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་ལྔ་ཡོད། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་དང་གཞི་ཁྱོན་ཅན་གྱི་ཚོང་གཉེར་ལ་སྐུལ་འདེད་བྱས་པས། རོང་འབྲོག་པ་མང་ཚོགས་སྔར་ལས་མང་པོ་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྐུལ་ཁྲིད་བྱས།

ལིག་ཞའོ་མཱེ་ཡིས་བཤད་རྒྱུར། “ནོར་ལུག་དང་རྩྭ་ས་མཉམ་ལས་ཁང་དུ་མ་རྐང་དུ་འཇོག་པ་བརྒྱུད། ཐོན་སྐྱེད་ལས་བགོས་ཞིབ་ཚགས་ཅན་དང་ཐོན་སྐྱེད་རྒྱུ་ཆ་ཇེ་ལེགས་སུ་བཀོད་སྒྲིག་བྱེད་པ་མངོན་འགྱུར་བྱུང་བས། དེ་སྔོན་འབྲོག་པས་ཁ་ཐོར་སྒོས་གསོ་སྤེལ་བྱེད་པའི་རྣམ་པ་གཏོར། མ་རྐང་དུ་བཞག་པའི་ཕྱུགས་ཟོག་དང་རྩྭ་སར་ཧྲིལ་བསྡུས་ཁག་བགོ་བྱས་པ་དང་། ཕྱུགས་འགོག་པ་དང་འཚོ་མཚམས་འཇོག་པ། རྩྭ་ཕྱུགས་དོ་མཉམ་བྱེད་པ། རྩྭ་སའི་སྲུང་སྐྱོབ་ནུས་ཤུགས་ལ་སྐུལ་འདེད་བྱས་པས། རྩྭ་སར་རྒྱུན་མཐུད་འཕེལ་རྒྱས་བྱེད་ཐུབ་པ་བྱུང་། རྗེས་ཕྱོགས། ང་ཚོས་མགྱོགས་མྱུར་སྒོས་མ་རྐང་ལམ་ལུགས་མིན་པའི་མཉམ་ལས་ཁང་བསྒྱུར་བཀོད་བྱེད་པ་དང་མཉམ་དུ། གསར་དུ་བཙུགས་པའི་མཉམ་ལས་ཁང་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་ཏེ། ཧུར་ཐག་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དེ་མདོ་ལའི་མིང་བྱང་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན”ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།