ཧྲིན་ཡོན་ཞོང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་སྐོར་ཁག་གསུམ་པར་མཚོ་སྔོན་དུ་རོགས་སྐྱོར་ལ་ཡོང་བའི་ལས་བྱེད་པ་ཞིག་ཡིན་པ་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྫོང་དཔོན་གཞོན་པའི་འགན་བཞེས་ཡོད།
ཉིས་སྟོང་བཅུ་དྲུག་ལོ་ཕར་བསྐྱལ་བ་དང་གནམ་ལོ་གསར་བ་ཞིག་རེ་སྒུག་ཁྲོད་ཐོན་བྱུང་།
སྔོན་ཆད་མགོ་འཐོམས་པ་དང་། སོམ་ཉིར་ཚུད་པ། རེ་སྨོན་བྱེད་པ། དགའ་སྤྲོ་སོགས་ཀྱི་ཁྲོད་ནས་མི་ལོ་ཞེ་གཉིས་ཕར་བསྐྱལ་བ་དང་། རིན་ཐང་མེད་པའི་འདས་དོན་མང་པོ་ཞིག་ཀྱང་ལོ་ཟླའི་འགྲུལ་བཞུད་ཁྲོད་མཁའ་ལམ་གྱི་སྤྲིན་པ་བཞིན་ངང་གིས་ཡལ།
ཉིས་སྟོང་བཅུ་དྲུག་ལོ་ནི་ངའི་སེམས་སུ་ནམ་ཡང་བརྗེད་ཐབས་མེད་པའི་ལོ་ཞིག་ཡིན་ཏེ། ལོ་དེར། ང་དང་གཞན་པའི་ལས་བྱེད་པ་ཉེར་གཅིག་གིས་ཧྲང་ཧེ་མི་དམངས་ཀྱི་བརྩེ་བ་དྲོན་མོ་རུམ་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་ལོ་ངོ་གསུམ་རིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྒྲུབ་མགོ་བརྩམས།
མགོ་ལོག་ནི་མིང་དུ་གྲགས་པའི་གཙང་གསུམ་མགོ་ཁུངས་ཀྱི་དཀྱིལ་དབུས་ས་ཁུལ་དུ་ཡོད་པ་དང་། མ་ཡུམ་ཆུ་བོ་སྟེ་རྨ་ཆུའི་མགོ་ཁུངས་ཡིན་ལ། མགོ་ལོག་གི་བརྗིད་ཆགས་མཛེས་སྡུག་གིས་ནི་ཁྱེད་ལ་ཡ་མཚན་དུ་འཇུག
ང་རང་ས་ཆ་འདིར་ཐོན་མ་ཐག་ནས་མཛེས་སྡུག་གི་ས་ཆ་འདི་རུ་གཏམ་རྒྱུད་ཡོད་ངེས་པར་འདོད་ཡོད་ལ། མཛེས་སྡུག་གི་ས་ཆ་འདིའང་ཧ་ཅང་ལྷིང་འཇགས་ཀྱི་ཡུལ་གྲུ་ཞིག་ཏུ་སྙམ་ཡོད། མཐོ་སྒང་དུ་འོང་བ་ཐེངས་དང་པོ་ཡིན་པས། དུས་ཡུན་རིང་བོར་ཧྲང་ཧེ་གྲོང་ཁྱེར་དུ་འཚོ་བ་རོལ་བའི་ང་ལ་མཚོན་ན་ལུས་ཕུང་གི་ལྕོགས་ཐུབ་མིན་དེ་གནད་དོན་ཞིག་ཏུ་གྱུར་བ་དང་། དེ་ལས་ཀྱང་དཀའ་བ་ནི་ཁྱིམ་མི་དང་། གྲོགས་པོ། རང་ཉིད་ཆེས་ཆ་རྒྱུས་ཡོད་པའི་བྱ་བ་དང་འཚོ་བའི་ཁོར་ཡུག་དང་ཁ་བྲལ་ནས་རྒྱུས་མེད་ཀྱི་མདོ་དབུས་མཐོ་སྒང་དུ་ཡོང་ནས་འཚོ་བ་རོལ་བས། ཆེས་ཐོག་མར་སུན་སྣང་དང་ཁེར་རྐྱང་གི་སེམས་པ་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་ཡོང་བས་དེ་ནི་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད།
མགོ་ལོག་རུ་ངས་རང་དང་ན་ཚོད་གཅིག་པ་དང་རང་ལས་ཅུང་ཆུང་བའི་ལས་གྲོགས་མང་པོ་ཞིག་ལྟོས་ཚོད་ལ་རང་ལས་རྒས་ཡོད་པ་མཐོང་། ཁོ་ཚོ་དུས་ཡུན་རིང་བོར་དབྱང་དབུགས་དཀོན་པ་དང་གྲང་ངར་ཆེ་བའི་ཁོར་ཡུག་དུ་འཚོ་བ་རོལ་བས། མི་མང་པོ་ཞིག་ལ་ནད་སྣ་ཚོགས་བྱུང་ཡོད་པས། དོན་དངོས་སུ་ལས་གྲོགས་འདི་ཚོས་ཉིན་རེར་ལུས་ཡོངས་ཀྱི་གནས་མི་འདྲ་སའི་ན་ཟུག་བསྲན་བཞིན་ཡོད་པ་རེད། ཡིན་ཡང་། ཁོ་ཚོས་གནས་འདི་ནས་ལོ་བཅུའམ། ཡང་ན་དེ་ལས་མང་པོའི་ལོ་ཟླ་ཞིག་ལ་བསྡད་ཡོད། ཁོ་ཚོའི་སྙིང་སྟོབས་ཀྱིས་ང་ལ་ངེས་པར་རྒྱུན་འཁྱོངས་བྱེད་དགོས་པའི་སྟོབས་ཤུགས་ཤིག་བསྩལ།
ཁོ་ཚོས་གནས་འདིར་ལུས་ཕུང་མི་བདེ་བའི་ཚོར་བ་མྱོང་བཞིན་པ་ལས་གཞན་ད་དུང་ཕ་ཡུལ་དྲན་པའི་གདུང་བ་ཡང་མྱོང་བཞིན་ཡོད། བྱིས་པའི་མདུན་ལམ་བསམ་ནས། ཁོ་ཚོ་མི་མང་པོ་ཞིག་གིས་བྱིས་པ་ཟི་ལིང་གྲོང་ཁྱེར་དང་། ཁྲིན་ཏུའུ་གྲོང་ཁྱེར་སོགས་སུ་བསྐྱལ་ནས་སློབ་གསོ་མྱོང་དུ་འཇུག་བཞིན་ཡོད། “བྱིས་པ་གཉེན་ཉེ་གྲོགས་པོ་སོགས་ལ་བཅོལ་ནས་ངས་ལོ་ཕྱེད་ཅིག་གི་རིང་བྱིས་པ་མཐོང་ཐུབ་མེད། ད་ནར་སོན་ཡོད་རྒྱུ་རེད། ......དུས་ཡུན་རིང་བོར་བྱིས་པ་རང་ཉིད་ཀྱི་གམ་ན་མེད་པས། ད་ལྟ་སློབ་སྦྱོང་ལ་ཇི་འདྲ་ཞིག་ཡིན་པའང་མི་ཤེས”ཞེས་སེམས་རྒྱ་ཇི་འདྲ་ཆེ་བའི་ཕོ་རྒོད་ཅིག་ཡིན་ཡང་བྱིས་པའི་སྐོར་གླེང་ཡོང་ཚེ། ཁོ་ཚོའི་གདོང་རྣམ་འགྱུར་གློ་བུར་འགྱུར་འགྲོ་བ་དང་ཏེ་མིག་མཐའ་ཡང་མཆི་མས་བརླན་ཡོང་། བྱིས་པ་ལས་གཞན་ད་དུང་ཁྱིམ་ན་ལོ་ལོན་རྒན་པ་ཡོད་པ་དང་། མགོ་ལོག་ས་ཆའི་སྨན་བཅོས་ཆ་རྐྱེན་ཞན་པའི་རྐྱེན་གྱིས་དུས་ཡུན་རིང་བོར་གནས་འདིར་བསྡད་མྱོང་བའི་རྒན་པ་ཚོ་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས། ལུས་ཡོངས་སུ་ནད་རིགས་སྣ་ཚོགས་འབྱུང་བཞིན་ཡོད་པས། ཁོ་ཚོས་ལོ་ལོན་རྒན་པ་རྣམས་མགོ་ལོག་ལས་ས་མགོ་དམའ་བའི་ས་ཆར་བསྐྱལ་བའམ། ཡང་ན་གཉེན་ཉེའི་ཁྱིམ་དུ་བསྐྱལ་ནས་ལྟ་སྐྱོང་བྱེད་དུ་འཇུག་བཞིན་ཡོད། ལ་ལས་ད་དུང་ལྟ་སྐྱོང་མཁན་གླས་ནས་རྒན་པར་བདག་སྐྱོང་བྱེད་དུ་འཇུག་བཞིན་ཡོད། “ངའི་ཨ་མར་གཟའ་གྲིབ་གྱི་ནད་བྱུང་ནས་ཉལ་སར་ལྷུང་ཡོད་པ་དང་། ངའི་ཕུ་བོས་ཀྱང་མགོ་ལོག་ཁུལ་ཐོག་ཞིག་ཏུ་བྱ་བ་སྒྲུབ་བཞིན་ཡོད། ཐབས་ཟད་འུ་ཐུག་ནས་ཟི་ལིང་དུ་བསྐྱལ་ཏེ་མི་གཞན་ཞིག་གླས་ནས་ལྟ་སྐྱོང་བྱེད་དུ་འཇུག་བཞིན་ཡོད་ཀྱང་། སེམས་ནམ་ཡང་མི་བདེ”ཟེར། ཁོ་ཚོར་མཚོན་ན། རང་གི་ཕ་མ་དང་བྱིས་པར་ཐེངས་གཅིག་ལྟ་རུ་འགྲོ་རྒྱུ་དེ་ཡང་དཀའ་མོ་ཞིག་ཏུ་གྱུར་ཡོད། མཐོ་སྒང་གི་རྫོང་མཁར་ཞིག་ནས་ཟི་ལིང་གྲོང་ཁྱེར་དུ་རླངས་འཁོར་ལ་བསྡད་དེ་སོང་ན་དུས་ཚོད་དགུ་དགོས་པ་དང་། ལམ་ཡང་དེ་འདྲ་མི་བདེ་བ་རེད།
གནས་འདི་རུ་ད་དུང་གཏམ་རྒྱུད་མང་པོ་ཡོད་ཀྱང་། ངས་ཤེས་པ་ཤིན་ཏུ་ཉུང་། ལོ་གསུམ་ནི་ང་ཚོར་མཚོན་ན་སྐད་ཅིག་ཉིད་ལ་འདས་པ་དང་། ཁོ་ཚོར་མཚོན་ན་མི་ཚེ་གང་བོའི་ཁྲོད་ཀྱི་ཆ་ཤས་ཙམ་རེད། ལོ་ངོ་གསུམ་གྱི་རིང་ལ་ང་ཚོ་མཛེས་སྡུག་ལྡན་པ་དང་ས་མཐོ་གྲང་ངར་ཆེ་བའི་ས་ཆ་འདིར་ཡོང་ནས་སྦྱོང་བརྡར་བྱས་པར་མ་ཟད། དེ་ནི་ངའི་མི་ཚེའི་ཁྲོད་ཀྱི་ཉམས་སད་ཐེངས་ཤིག་ཀྱང་ཡིན། ལོ་ངོ་གསུམ་གྱི་རིང་ལ། ང་ཚོའི་སེམས་ངོགས་སུ་རྒྱུ་བ་ནི་མཐོ་སྒང་གི་སྤྲིན་དཀར་དང་། གླག གངས་རི་དང་མཚེའུ། ད་དུང་ནང་སེམས་འགྱུ་ཆེ་བའི་གཏམ་རྒྱུད་དེ་དག་རེད། ཐོག་མར་རེ་སྨོན་བྱེད་པ་ནས་དངོས་སུ་ཡུལ་འདིའི་ཕང་བ་རུ་སླེབས་པ་ན། སེམས་ཀྱི་དགའ་སྣང་དང་གུས་འདུད་ཀྱི་ཚོར་བ་དེ་སྔར་ལས་ཀྱང་ཇེ་ཆེ་ནས་ཇེ་ཆེར་གྱུར།
ལོ་གསར་བ་ཞིག་ཚེས་བྱུང་། ཁྱེད་རང་ས་ཆ་གང་དུ་གནས་ཀྱང་། ང་ཚོས་ནས་ཆང་ཕོར་གང་བཏེགས་ནས་གནས་འདི་དང་གནས་འདིར་འཚོ་ཞིང་གཞེས་པའི་མི་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུ།
ལོ་ཙཱ། ཚེ་རིང་སྒྲོལ་མ།